གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུང་དཀར་འབུབ་རྩ་མེད་གཏང་ཐབས་ལུ་ ཐབས་ལམ་བཏོན་དོ་ཡོདཔ།

༡༧/༦/༢༠༡༣༉ མོང་སྒར་རྫོང་ཁག་ རྩ་མང་རྒེད་འོག་ སྦྲང་མ་གླིང་གཡུས་ཚན་ལས་ སྐྱེས་ལོ་༤༡ ལང་མི་ འཕྲིན་ལས་ཀྱིས་ མོང་སྒར་ཁྲོམ་ཁར་ ཉོ་ཚོང་རྐྱབ་པར་འགྱོ་བའི་སྐབས་ ཁྲི་ལྡང་སྦིས་གཡུས་མཚན་གྱི་ འཁོར་ལམ་གྱི་ཟུར་ཁར་ ཚོང་ཁང་ཅིག་ཡོད་མིའི་སྦོ་ལོགས་ཁར་ དུང་དཀར་གྱི་པར་བརྡ་བྱང་གུ་ སྦྱར་ཡོདཔ་མཐོང་པའི་སྐབས་ལུ་ ཁོ་རའི་མནོ་བསམ་ལས་འབད་བ་ཅིན་ ཚོང་ཁང་དེ་ནང་ དུང་དཀར་བཙོང་ནི་ཡོད་པའི་སྣང་བ་ ཤར་ཡོདཔ་ཨིན་པས།
བསྡུ་བསྒྱོམ་འབད་མི་ དུང་དཀར་འབུབ་ཚུ།


ཨིན་རུང་ ཁོ་གིས་ སྦོ་ལོགས་ཁར་སོང་ཞིནམ་ལས་ ལེགས་ཤོམ་སྦེ་ལྟ་བའི་སྐབས་ དུང་དཀར་ཆ་འདྲཝ་ཡོད་རུང་ དུང་དཀར་འབུབ་ཀྱི་པར་ཨིནམ་ཤེས་ཞིནམ་ལས་ ཚོང་པ་ལུ་དྲི་ལྟ་བའི་བསྒང་ལས་ ས་ཁོངས་དེ་ནང་ དུང་དཀར་འབུབ་ ལྷོད་ཡོད་པའི་སྐོར་ལས་ སླབ་མི་ལུ་བརྟེན་ སེམས་ལུ་ཚ་གྱང་སྦོམ་ལང་དགོཔ་བྱུང་ཡོདཔ་ད་ བརྡ་བྱང་དེ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ མི་མང་ལུ་ འབུབ་དེ་གི་སྐོར་ལས་ གོ་བརྡ་སྤྲོད་ནིའི་དོན་ལུ་ ལྷོངས་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དུང་དཀར་འབུབ་དེ་ ཁྲི་ལྡང་སྦིས་གཡུས་ཚན་ནང་ལྷོད་པ་ཅིན་ རྩ་མང་རྒེད་འོག་ སྦྲང་མ་གླིང་དང་ སྣང་སྒར་གཡུས་ཚན་དེ་ སྦོ་ལོགས་ཁར་ཨིནམ་ལས་ གཡུས་ཚན་དེ་ནང་ཡང་ ལྷོད་ནི་གི་ཉེན་ཁ་ཡོད་མི་དེ་ཡང་ སྣུམ་འཁོར་ཚུ་གིས་ འབག་མ་འོང་རུང་ འབུབ་ཁོ་ར་གིས་ལྷོད་ཚུགས་པའི་ ས་གནས་ཁར་འབད་ནི་དེ་གིས་ཨིན་པས།
སྦྲང་མ་གླིང་གཡུས་ཚན་ལས་ སོ་ནམ་པ་ ཕུན་ཚོགས་ལ་གིས་ སླབ་མིའི་ནང་ ན་ཧིང་ལས་ ཁྲི་ལྡང་སྦིས་གཡུས་ཚན་ནང་ དུང་དཀར་འབུབ་ལྷོད་ཡོད་པའི་སྐོར་ལས་ གནས་ཚུལ་གོ་མི་ལུ་བརྟེན་ རྩ་མང་གི་མི་སེར་ཚུ་ཡང་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་ འབུབ་དེ་གིས་ ལོ་ཐོག་ལུ་གནོདཔ་སྦོམ་རྐྱབ་ནི་ཨིནམ་ལས་ སོ་ནམ་ལཱ་ལུ་བརྟེན་སྡོད་མི་ མི་སེར་ཚུ་ ལྟོགསཔ་ལུས་ནིའི་ཉེན་ཁ་ ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁྲི་ལྡང་སྦིས་གཡུས་ཚན་ལས་ སོ་ནམ་པ་ བསམ་གཏན་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ཧེ་མ་འབད་བ་ཅིན་ འབུབ་དེ་མེད་ཟེར་ཨིན་རུང་ ན་ཧིང་ རྒྱལ་པོ་ཞིང་ལས་ མི་ལྟས་ངན་ཚུ་གིས་ ཁྲི་ལྡང་སྦིས་གཡུས་ཚན་ནང་ གནམ་ནུབ་མོ་འབག་འོང་ཡོདཔ་ལས་བརྟེན་ ད་རེས་ནངས་པ་ གཡུས་ཚན་དེ་ནང་ཡང་ དར་ཁྱབ་སོང་ནུག་ཟེར་ཨིནམ་ད་ མི་སེར་ཚུ་ དབུག་འགམ་སྟེ་ ཡོད་ཟེར་ཨིན་པས།
མི་སེར་ཚུ་ ཚ་གྱང་ལང་དགོཔ་བྱུང་མི་དེ་ཡང་ ཁོ་གིས་ སླབ་མིའི་ནང་ འབུབ་དེ་གིས་ ལོ་ཐོག་ག་ཅི་བཟུམ་ཨིན་རུང་ཟ་དོ་ཡོདཔ་ལས་ གཡུས་ཚན་དེ་ འབྲུ་སྣ་དགུའི་རིགས་ ག་ཅི་ཡང་འཚོ་མི་ཚུ་ འབུབ་དེ་ལུ་ཤོར་བ་ཅིན་ དཀའ་ངལ་སྦོམ་འབྱུང་ནི་ཨིནམ་ལས་ གཞུང་དང་མི་སེར་ཚུ་གིས་ འབུབ་དེ་བཀག་ཐབས་ལུ་ གདོང་ལེན་སྦོམ་འབད་དགོཔ་འདུག་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ན་ཧིང་ རྒྱལ་པོའི་ཞིང་ལས་ བསམ་ངན་ཚུ་གིས་ འབུབ་དེ་ ཁྲི་ལྡང་སྦིས་ལུ་བསྐྱལ་བཞག་ཡོདཔ་ལས་ ད་ལྟོའི་གནས་སྟངས་ནང་ དཀའ་ངལ་ཅན་གྱི་ གཞི་གནས་ལུ་གྱུརཝ་མས་ཟེར་ཨིན་པས།
ས་གླིང་རྒེད་འོག་ ཀ་ལ་སྤང་གཡུས་ཚན་བཟུམ་ཅིག་ནང་འབད་བ་ཅིན་ ད་ལྟོ་ གཡུས་ཚན་དེ་ནང་ འབུབ་དེ་མ་མཐོང་ཟེར་ཨིན་རུང་ གཡུས་ཚན་དེ་ རྒྱལ་པོ་ཞིང་དང་ ཀུར་རི་ཆུ་གི་སྦོ་ལོགས་ཨིནམ་ལས་ ལྷོད་ནིའི་ཉེན་ཁ་ཡོད་མི་དེ་ཡང་ ཉིན་བསྟར་འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ནང་ འོང་ནིའི་ཉེན་ཁ་འདུག་ཟེར་ ཚོགས་པ་ ཀུན་ལེགས་ཀྱིས་ སླབ་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་ཚུ་གིས་ གནོད་ཉེན་ཡོད་ལུགས་མ་ཤེས་པར་ མཛེས་ཆ་ལུ་ལྟ་ཞིནམ་ལས་ འབག་འགྱོ་དོ་ཡོད་པའི་ལོ་རྒྱུས་ཚུ་གོ་ཡོདཔ་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབུབ་དེ་གིས་ ལོ་ཐོག་ལུ་གནོདཔ་མ་ཚད་ འགྲོ་བ་མི་ལུ་ཡང་ གནོད་པའི་ ནད་གཞི་ཚུ་འབག་སྐྱེལཝ་མས་ཟེར་ཨིན་པས།
དུང་དཀར་འབུབ་དེ་ རྩ་མེད་བཏང་ཐབས་ལུ་དམིགས་ཏེ་ སྤྱི་ཟླ་འདི་གི་ ཚེས་༡༥ ལུ་ ད་རུང་ རྒྱལ་པོ་ཞིང་དང་ གླིང་མེད་ཐང་གི་ས་ཁོངས་ཚུ་ནང་ མོང་སྒར་རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་ལས་འགོ་བཟུང་ ཝེང་མཁར་དང་ རྒྱལ་པོ་ཞིང་ གླིང་མེད་ཐང་ལུ་སྡོད་མི་ ཚོང་པ་དང་ ཞི་གཡོགཔ་༨༠༠ དེ་ཅིག་གིས་ དུང་དཀར་འབུབ་ཀེ་ཇི་༣༠༠༠ ལྷགཔ་ཅིག་ ས་དོང་ནང་བཙུགས་ཅི་ཟེར་ཨིན་པས།
རྒྱལ་པོའི་ཞིང་དང་ གླིང་མེད་ཐང་ལུ་སྡོད་མི་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༩ ལུ་ཡང་ དུང་དཀར་འབུབ་ཀེ་ཇི་༥༠༠༠ ལྷགཔ་ཅིག་ སའི་དོང་ནང་བཙུགས་ཡོདཔ་ད་ རྫོང་ཁག་སོ་ནམ་འགོ་དཔོན་ ཁམས་པ་དང་ རྒྱལ་པོའི་ཞིང་ཁྲོམ་གྱི་ཚོགས་པ་ མགོན་པོ་གིས་ སླབ་མིའི་ནང་ འབུབ་ཚུ་ ཆརཔ་རྐྱབ་པའི་སྐབས་ལུ་ཐོན་དོ་ཡོདཔ་ལས་ དེ་ཚེ་གནམ་མེད་ས་མེད་ཅིག་ ཕྱི་ཁར་ཐོན་མ་བཏུབ་ཟེར་ཨིན་པས།
སོ་ནམ་འགོ་དཔོན་གྱིས་སླབ་མི་ནང་ འབུབ་ཚུ་ རྩ་མེད་བཏང་ཐབས་ལུ་ མི་ཚུ་གིས་འབད་རུང་ བསྡུ་བསྒྱོམ་འབད་ནིའི་འགན་ཁུར་འབག་དགོ་ཟེར་ཨིནམ་ད་ དེ་ཡང་ འབུབ་དེ་ རྩ་མེད་བཏང་དགོ་པ་ཅིན་ ལགཔ་གིས་འཐུ་ཞིནམ་ལས་ རྩ་མེད་བཏང་དགོཔ་ད་ ཕྱི་ཁར་ཡང་ ཆརཔ་རྐྱབ་པའི་སྐབས་ལུ་དང་ ནུབ་མོ་དང་ དྲོ་པ་ལས་བརྒལ་ ཐོན་ནི་མེདཔ་ལས་བརྟེན་ཨིན་ཟེར་ཨིན་པས།
དུང་དཀར་འབུབ་དེ་གི་སྐོར་ལས་ ཞིབ་དཔྱད་འབད་མི་ཡང་ ད་རེས་ནངས་པ་ ཐིམ་ཕུ་ལས་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་ ཟླཝ་ཅིག་གི་རིང་ རྒྱལ་པོ་ཞིང་ལུ་ ལྟ་བར་འོང་ཡོདཔ་ད་ ཁོང་གིས་འབད་རུང་ འབུབ་དེ་ དར་ཁྱབ་འགྱོ་མི་བཅུག་ནིའི་དོན་ལུ་ ལཱ་དང་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ས་ཁོངས་ཚུ་ནང་ལས་ཕར་ཡང་ བརྡ་བྱང་ཚུ་ ལྷོངས་དོ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment