གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༨/༦/༢༠༡༣   འགོ་ཐོག་བཙག་འཐུ་འབད་དགོ་པའི་ རྒྱུ་རྐྱེན་ག་ཅི་ཨིན་ན?
༉ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ སྲིད་དོན་ཚོགས་པ་གཉིས་ འགོ་ཐོག་བཙག་འཐུ་ནང་ལས་ བཙག་འཐུ་གྲུབ་ཡོད་མི་དང་བསྟུན་ སྤྱིར་བཏང་བཙག་འཐུའི་ གྲ་སྒྲིག་འབད་བའི་བསྒང་ཨིན་མས།
སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་ བསྐུལ་བསྒྲགས་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༢ ལས་ འགོ་བཙུགས་ནི་ཨིནམ་ལས་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་ རང་སོའི་འདེམས་ཁོངས་ནང་ལས་ཕར་ འགྱོ་ནིའི་དོན་ལུ་ གྲ་སྒྲིག་འབདཝ་ཨིན་མས།



འདི་འབདཝ་ད་ འགོ་ཐོག་བཙག་འཐུ་ནང་ མཐར་འཁྱོལ་མ་བྱུང་མི་ སྲིད་ཚོགས་གཉིས་ཀྱི་ འདེམས་ངོ་ཀ་པ་ཅིག་ སྤྱིར་བཏང་བཙག་འཐུའི་དོན་ལུ་ མཐར་འཁྱོལ་བྱུང་མི་ སྲིད་དོན་ཚོགས་པ་ཅིག་ནང་ འཛུལ་ཞུགས་འབད་ནི་ཨིན་པའི་ ལོ་རྒྱུས་ཚུ་ བརྡ་བརྒྱུད་དང་ མི་སྡེའི་བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་འགྱོ་མི་ལུ་ལྟཝ་ད་ འབྲུག་གི་དམངས་གཙོའི་རིང་ལུགས་འདི་ འཛོལ་བའི་ལམ་ཕྱོགས་ལུ་ ཞུགས་དོ་བཟུམ་ མཐོང་སྣང་བྱུངམ་ཨིན་མས།
མ་གཞི་ འདེམས་ངོ་སྒྲིང་སྒྲིང་དང་ ལྕོགས་གྲུབ་ཡོད་མི་ཚུ་ སྲིད་དོན་ཚོགས་པ་གཞན་ནང་ འཛུལ་ནི་དེ་ གོ་སྐབས་ལེགས་ཤོམ་ཅིག་ཨིན་པའི་ཁར་ མི་མང་གི་དོན་ལུ་ཡང་ འདེམས་ངོ་སྒྲིང་སྒྲིང་མེད་མི་ཚུ་ ཕྱིར་སེལ་གཏང་ནི་གི་ གོ་སྐབས་ཅིག་ཨིན་རུང་ རྩ་ཁྲིམས་མཁས་མཆོག་ཚུ་གིས་འབད་བ་ཅིན་ འདེམས་ངོ་ལྷན་སྡེབ་འབད་ནི་ཚུ་ རྩ་ཁྲིམས་ལས་འགལ་བ་ཨིནམ་མ་ཚད་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ མགུ་སྐོར་རྐྱབ་མི་གྲངས་སུ་ ཚུད་འོང་ཟེར་ཨིན་མས།
འབྲུག་མཉམ་རུབ་ཚོགས་པ་གི་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ཆ་ར་ལས་ ཁོང་གི་འདེམས་ངོ་དག་པ་ཅིག་ དགོ་འདོད་བསྐྱེད་ཡོདཔ་ལས་ ད་ལྟོ་ སྲིད་ཚོགས་ག་གི་ནང་ འཛུལ་ནི་ཨིན་ན་ མནོ་བསམ་བཏང་པའི་བསྒང་ཡོད་ཟེར་ཨིན་མས།
ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་ གནས་ཚུལ་གྲོས་འཛོམས་ནང་ གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་ དོགས་སེལ་འབད་མིའི་ནང་ ཁོང་གི་ ཚོགས་པའི་ཁ་ཐུག་ལས་ སྲིད་ཚོགས་གཞན་གྱི་ འདེམས་ངོ་ལེན་ནི་གི་ གྲོས་འཆར་བཀོད་ནི་ཕར་བཞག་ ལོ་རྒྱུས་ཡང་ སླབ་སླབ་མེད་ཟེར་ཨིནམ་ད་ ཚོགས་པ་དེ་གི་འདེམས་ངོ་༤༧ གཏན་འཁེལ་བཟོ་ཚར་མིའི་ནང་ལས་ འདེམས་ངོ་ཚབ་བཙུགས་ནི་དང་ གཞན་ལས་ ལེན་ནི་དེ་ སྲིད་དོན་ཚོགས་པའི་ ལྟ་བ་དང་ གཞི་རྩ་ དེ་ལས་ ཁྲིམས་ལས་འགལ་བའི་ ལག་ལེན་ཅིག་ཨིན་ཟེར་ དོགས་སེལ་འབདཝ་ཨིན་མས།
སྤྱིར་བཏང་གིས་ བསམ་ཞིབ་འབད་མི་དང་འཁྲིལཝ་ད་ འགོ་ཐོག་བཙག་འཐུའི་སྐབས་ སྲིད་དོན་ཚོགས་པ་ཚུ་གི་ འདེམས་ངོ་ཚུ་གིས་ སྲིད་ཚོགས་ཀྱི་ གཞི་རྩ་དང་ ལྟ་བ་ཚུ་ མི་མང་ལུ་ གསལ་བཤད་འབད་ཡོདཔ་ལས་ སྤྱིར་བཏང་བཙག་འཐུའི་ བསྐུལ་བསྒྲགས་སྐབས་ ཧེ་མར་ ཁ་བཏང་མི་དང་ ཁ་ཉེས་བཀལ་མི་ སྲིད་ཚོགས་ཀྱི་ འདེམས་ངོ་གིས་ སྲིད་ཚོགས་གཞན་ནང་འཛུལ་ཏེ་  ཚོགས་པའི་གཞི་རྩ་དང་ ལྟ་བ་ཚུ་ གསལ་བཤད་འབདཝ་ད་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ལྷག་པར་དུ་ མགུ་འཐོམ་འབྱུང་འོང་ཟེར་ཨིན་མས།
རྩ་ཁྲིམས་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ འབྲུག་ལུ་ འགོ་ཐོག་བཙག་འཐུའི་ ལམ་ལུགས་བཟོ་དགོ་མི་དེ་ར་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་ག་དེམ་ཅིག་འཐོན་རུང་ མཐའན་མཇུག་ལུ་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་སྦེ་ འཐོན་ནི་ཨིན་མི་ འོས་འབབ་ཅན་གྱི་ སྲིད་དོན་ཚོགས་པ་༢ བཙག་འཐུ་འབད་ཐབས་ལུ་ཨིནམ་ལས་ གལ་སྲིད་ སྲིད་དོན་ཚོགས་པ་ཚུ་ གཅིག་བསྡོམས་འབད་ནི་ཨིན་པ་ཅིན་ འགོ་ཐོག་བཙག་འཐུ་འགོ་འདྲེན་འཐབ་དགོཔ་ཅིག་མིན་འདུག་ཟེར་ཨིན་མས།
འདི་བཟུམ་ མཉམ་སྡེབ་འབད་མི་གིས་ སྲིད་དོན་ཚོགས་པ་དང་ སྲིད་དོན་པ་ དམངས་གཙོའི་བྱ་རིམ་ཚུ་ལུ་ བར་ཆད་རྐྱབ་སྟེ་ མི་དབང་ཡབ་སྲས་རྣམ་གཉིས་ཀྱིས་ འབྲུག་པའི་མི་སེར་ལུ་ གནང་བྱིན་སྦེ་གནང་མི་ དམངས་གཙོའི་རིང་ལུགས་ལུ་ ཐོ་ཕོག་ནིའི་ ཉེན་ཁ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment