གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཚོང་གྲྭ་གིས་ མཐའ་བཅད་ཆུང་ བའི་ནང་ ལྷོད་ཡོདཔ།

༡༣/༦/༢༠༡༣   ༉ ཁ་ཙ་ འབྲུག་ཚོང་གྲྭ་གིས་ སྐུགས་༢ སྦྱེལཝ་སྦྱེལ་ས་ཆོད་བཏང་སྟེ་ མཐའ་བཅད་ཆུང་བའི་ནང་ ལྷོད་ཡོད་རུང་ ལྟ་བཤལ་ཡུ་ནའི་ཊེཌ་གི་ རྩེད་འགྲན་འབད་མི་ཚུ་ ག་དེ་སྦེ་ ཕམ་ཡོདཔ་ཨིན་ན་ ཧ་གོ་མ་ཚུགསཔ་ཨིན་པས།


དེ་ཡང་ ལྟ་བཤལ་ཡུ་ནའི་ཊེཌ་གི་ རྩེད་འགྲན་པ་ཚུ་གིས་ སྐོར་ཐེངས་དང་པའི་ནང་ བཀག་རེག་༥ ཕོག་སྟེ་ སྐུགས་༨ སྟབས་གཅིག་ལུ་ ཐོབ་པའི་ཤུལ་ལུ་ བྱང་ཕྱད་སྡེ་ཚན་ཚུ་གིས་ དོ་འགྲན་འབད་དེ་ སྐོར་ཐེངས་༦ ཚུན་ བཀག་རེག་ཚུ་ རྒྱུན་མ་ཆད་པར་རྐྱབ་སྟེ་ སྐུགས་ཆོད་བཏངམ་ད་ ལྟ་བཤལ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་༨ ལས་བརྒལ་ཐོབ་མ་ཚུགས།
དེ་བཟུམ་སྦེ་ གཞན་མི་སྐོར་ཐེངས་༤ ཚུན་རྐྱབ་པའི་སྐབས་ འབྲུག་ཚོང་གྲྭ་གིས་ བཀག་རེག་༧, ༨, ༥ དེ་ལས་༦ ཕོག་སྟེ་ སྐུགས་༢ པ་ཆོད་བཏངམ་ད་ ལྟ་བཤལ་ཡུ་ནའི་ཊེཌ་གིས་ སྐུགས་༡ ཡང་ ཐོབ་མ་ཚུགས་པར་ ཕམ་བཏང་མི་དེ་ ཧ་ལས་སི་སི་ཅིག་ཨིན་པའི་ཁར་ སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་གིས་ སེམས་ཁ་ལུ་ ག་དེ་སྦེ་ ཕམ་བཏང་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་པར་ ལོག་རང་སོའི་སོ་སྣུམ་འཁོར་ནང་ འཛུལ་སྟེ་ འགྱོཝ་ཨིན་པས།
དེ་བཟུམ་སྦེ་ ལྕང་གླིང་མི་ཐང་གི་ ལྟག་གི་འབའ་སྐྱོར་ནང་ཡང་ འབྲུག་དངུལ་ཁང་གིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ ཆོད་བཏང་སྟེ་ ཤེར་སྐོར་༢༠༠༠ ཕམ་བཏང་ཡོདཔ་ད་ སྐུགས་དང་པ་ཆོདཔ་ད་ འབྲུག་དངུལ་ཁང་གིས་ སྐུགས་༣ ལས་བརྒལ་ཐོབ་མ་ཚུགསཔ་བཞིན་དུ་ སྐུགས་གཞན་མིའི་ནང་ ཤེར་སྐོར་༢༠༠༠ གིས་ སྐུགས་༢ ལས་བརྒལ་ཐོབ་མ་ཚུགས་པར་ ཕམ་སོཔ་ཨིན་པས།
འབྲུག་རང་ལུགས་རྩེད་རིགས་ཚོགས་པའི་ དྲང་དཔོན་འབད་མི་ ཚེ་དབང་རྣམ་རྒྱལ་གྱིས་ སླབ་མི་དང་འཁྲིལཝ་ད་ ཁ་ཙ་བཟུམ་སྦེ་ རྒྱལ་ཁ་ཐོབ་མི་སྡེ་ཚན་ཚུ་གིས་ གཞན་མི་སྡེ་ཚན་༢ ཕམ་དགོ་མིའི་གནད་དོན་ངོ་མ་ར་ ནོག་ཨའུཊི་སྐོར་ཐེངས་༡ པའི་ནང་ རྩེད་འགྲན་འབད་མི་སྡེ་ཚན་༢ ཆ་རའི་ མདའ་རྩེདཔ་ཚུ་ རིག་རྩལ་དང་ ལག་རྩལ་ དེ་ལས་ རྩེད་འགྲན་འབད་མི་ འདྲན་འདྲ་ཡོད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ལྷག་པར་དུ་ རྒྱལ་ཁ་ཐོབ་མི་སྡེ་ཚན་ཚུ་ ནོག་ཨའུཊི་སྐོར་ཐེངས་༢ པའི་ནང་ འགྲན་བསྡུར་འབདཝ་ད་ སྐུགས་༡ ཡང་ ཆོད་མ་ཚུགས་པར་ ཕམ་དགོ་མི་དེ་ གཞན་མི་སྡེ་ཚན་གྱི་ མདའ་རྩེདཔ་ཚུ་ གཅིག་བ་གཅིག་ལེགས་ཤོམ་སྦེ་ ཡོདཔ་མ་ཚད་ ཉིནམ་གཅིག་གི་ དབང་རྟ་ཀླུང་རྟ་ལུ་བརྟེན་ དེ་བཟུམ་གྱི་ བྱ་སྟབས་མ་བདེཝ་ཤར་ས་མཐོང་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment