གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༣/༦/༢༠༡༣   རྒྱལ་ཁབ་གཅིག་དང་ མི་སེར་གཅིག།
༉ ད་རེས་ནངས་པ་ འབྲུག་པའི་མི་སེར་ཚུ་ལུ་ ཨ་རྟག་དང་མ་འདྲ་བའི་ ཚ་གྱང་དང་ སྡུག་བསྔལ་ འདྲོག་བྱེལ་འཐབ་དགོཔ་ བྱུང་ཡོད་པའི་ མངོན་རྟགས་སྟོནམ་ཨིན་མས།


དེ་ཡང་ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་༡༩༠༧ ལུ་ དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལཔོ་དང་པ་ དབུ་བརྙེས་ཞིནམ་ལས་ཚུར་ རྒྱལཔོ་རིམ་བྱོན་ཚུ་གི་ དབུ་ཁྲིད་དང་ ལམ་སྟོན་བཟང་པོའི་ཐོག་ལུ་ རྒྱལ་ཁབ་གཅིག་དང་ མི་སེར་གཅིག་སྦེ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ གནས་པའི་མཐའ་མར་ ལོ་ངོ་༡༠༠ གི་རྒྱབ་ལས་ ཧེ་མར་ མི་སེར་གྱིས་ མགྲིན་གཅིག་ དབྱངས་གཅིག་གྱུར་གྱི་སྒོ་ལས་ གཞུང་སྐྱོང་གི་དབང་ཚད་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་དང་པ་མཆོག་ལུ་ ཕུལ་མི་དེ་ སྤྱི་ལོ་༢༠༠༨ ལུ་ མི་དབང་ཡབ་སྲས་རྣམ་གཉིས་ཀྱིས་ ལོག་སྟེ་ར་ མི་སེར་ལུ་གནང་ཡི།
དབང་ཚད་དེ་ཡང་ རྒྱལ་ཁབ་ནང་ མི་སེར་ཚུ་ སྐྱིད་ཉམས་སྐྱོང་སྟེ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ སྡོད་པའི་ནམ་དུས་ལུ་ དམངས་གཙོའི་རིང་ལུགས་གཞི་བཙུགས་ཐོག་ལས་ གནང་ཡོད་མི་ལུ་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་ར་ལས་ ལེགས་བསྟོད་ཕུལ་བ་གིས་མ་ཚད་ འཛམ་གླིང་ནང་ སྔར་མེད་པའི་ མིག་དཔེ་སྟོན་གནང་མི་དེ་ ཀུན་གྱིས་གཟིགས་ས་དང་ མཁྱེན་ས་ལུ་ཡོདཔ་ཨིན།
དམངས་གཙོའི་རིང་ལུགས་ལུ་ སྤྱིར་བཏང་འབྲུག་མི་ཚུ་གིས་ སྤྲོ་བ་དང་ དག་སྣང་མ་བསྐྱེད་རུང་ མི་དབང་ཡབ་སྲས་རྣམ་གཉིས་ཀྱི་ ལམ་སྟོན་བཟང་པོའི་ཐོག་ལུ་ ལེགས་ཤོམ་སྦེ་ དབུ་འཛུགས་གནང་ཡོདཔ་བཞིན་དུ་ མི་མང་ལས་ བཙག་འཐུ་གྲུབ་པའི་ གཞུང་གི་ ཁ་ཐུག་ལས་ཡང་ འདས་པའི་ལོ་༥ གི་ནང་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་ནི་ལུ་ གཙོ་བོར་བཏོན་ཡོད་མི་དེ་ཡང་ ག་ར་གིས་མ་མཁྱེནམ་མི་འོང་།
དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་ཞིནམ་ལས་ཚུར་ འབྲུག་པའི་མི་སེར་ག་ར་ བཟའ་ཚང་གཅིག་གི་ འཐུས་མི་བཟུམ་སྦེ་ གཅིག་སྒྲིལ་ཐོག་ སྡོད་ཡོདཔ་ལས་ མི་རིགས་དང་ ཆོས་ལུགས་ ལུང་ཕྱོགས་དབྱེ་ཁག་ཆེ་བའི་ དཀའ་ངལ་དང་ སྟབས་མ་བདེཝ་ག་ནི་ཡང་མ་ཐོན།
ཨིན་རུང་ ཟླཝ་ཧེ་མའི་ནང་ འགོ་འདྲེན་འཐབ་མི་ སྤྱི་ཚོགས་གཉིས་པའི་དོན་ལུ་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་བའི་ཤུལ་ལུ་ སྲིད་དོན་པ་ཚུ་གིས་ ལུང་ཕྱོགས་དབྱེ་བ་ཕྱེ་ཐོག་ལས་ སྲིད་འཁྲུགས་འབད་ནི་གི་ དཔའ་བཅམ་འབད་བའི་ ལག་ལེན་ཚུ་ལུ་བརྟེན་ སྤྱིར་བཏང་མི་མང་གི་སེམས་ཁར་ འཇིགས་སྣང་དང་ འདྲོག་བྱེལ་ དོགས་སྣང་སྦོམ་བཟོ་བ་གིས་མ་ཚད་ ད་རེས་ནངས་པ་ མི་སྡེའི་བརྡ་བརྒྱུད་ དཔེར་ན་ བྷུ་ཊཱན་ནོ་མིགསི་ཟེར་མི་ ཡོངས་འབྲེལ་ནང་ལས་ཕར་ དམའ་ཕབ་དང་ མ་བདེན་པའི་ ལོ་རྒྱུས་འདྲ་མ་འདྲཝ་ལེ་ཤ་གསལ་བཀོད་འབད་མི་དེ་གིས་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ ཉེན་སྲུང་ལུ་ བར་ཆད་རྐྱབ་ནི་ དེ་ལས་ མི་སྡེའི་ནང་འཁོད་ལུ་ ཟིང་འཁྲུགས་དང་ ཁོང་ཁྲོ་ ཞེ་སྡང་ལང་བཅུག་ནི་ མ་དགའཝ་བསྐྱེད་བཅུག་ནི་གི་ ཉེན་ཁ་སྦོམ་འདུག།
དེ་མ་ཚད་ མི་སྡེའི་བརྡ་བརྒྱུད་འདི་བཟུམ་གྱིས་ རྫུན་གཏམ་དང་ དམའ་ཕབ་ཀྱི་ གནད་དོན་ཚུ་ གསལ་བཀོད་འབད་མི་དེ་གིས་ འཛམ་གླིང་ནང་ འབྲུག་རྒྱལ་ཁབ་ཀྱི་ མིང་གཏམ་ལེགས་ཤོམ་ཡོད་མི་དེ་ མེདཔ་བཏངམ་མས་ཟེར་ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཐིམ་ཕུ་ལས་སྦེ་ བསྐུལ་བསྒྲགས་འགོ་བཙུགས་པའི་སྐབས་ ཚོགས་པའི་གཙོ་འཛིན་གྱིས་ ཚ་གྱང་དང་བཅས་སྦེ་ མི་གྲངས་༡,༠༠༠ དེ་ཅིག་ སྤུངས་འཛོམས་འབད་མི་ཚུ་ལུ་ གསལ་བཤད་འབད་ཡི།
སྲིད་ཚོགས་དང་ སྲིད་དོན་པ་ དེ་ལས་ མི་སྡེའི་བརྡ་བརྒྱུད་ཚུ་གིས་ མི་རིགས་དང་ ཆོས་ལུགས་ ལུང་ཕྱོགས་ཀྱི་ཐོག་ལས་ བསྐུལ་བསྒྲགས་དང་ གོ་བ་བརྡ་ལོག་སྤྲོད་པ་ཅིན་ འབྲུག་གི་ཆིག་སྒྲིལ་དང་ མི་སྡེའི་དགའ་སྐྱིད་ལུ་ ཐོ་ཕོག་ནིའི་ ཉེན་ཁ་སྦོམ་ཡོདཔ་ལས་ ལོ་༥ གི་ཧེ་མར་ མི་སེར་ཚུ་ལུ་ གསོལ་རས་སྦེ་གནང་མི་ དམངས་གཙོའི་རིང་ལུགས་འདི་ ལོག་སྟེ་ར་ འབྲུག་རྒྱལ་པོ་མཆོག་ལུ་ ཕུལ་དགོ་པའི་ བསམ་འཆར་ཞུ་མི་ཡང་ཐོན་ཡི།
འབྲུག་འདི་ རྒྱལ་ཁབ་གཅིག་དང་ མི་སེར་གཅིག་སྦེ་ གནས་དགོ་པ་ཅིན་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ སྲིད་དོན་པ་དང་ སྲིད་ཚོགས་ཚུ་གིས་ རྒྱལ་ཁབ་ཀྱི་ ཞི་བདེ་ལུ་ བར་ཆད་རྐྱབ་ནི་དང་ མི་སྡེའི་ནང་འཁོད་ལུ་ ཉེ་རིང་ཕྱེ་ནི་དང་ ཞེ་སྡང་ལང་བཅུག་པའི་ གནད་དོན་ཚུ་ ག་དེ་དྲག་དྲག་ འཛེམ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment