གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལཱ་བཤོལ་འབད་ནི་གི་ ཉེན་བརྡ་བྱིན་ཡོདཔ།

༨/༦/༢༠༡༣   ༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ནང་ འབྲུག་པའི་ཆུང་རིམ་ཁག་འབགཔ་དང་ མཁོ་ཆས་བཀྲམ་སྤེལ་བ་ དེ་ལས་ སྐྱེལ་འདྲེན་པ་ཚུ་ལུ་ དུས་ཚོད་ཁར་ གླ་འཐུས་བྱིན་མ་བཏུབ་མི་ལུ་བརྟེན་ ལཱ་བཤོལ་འབད་ནི་གི་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།


ལས་འགུལ་ནང་ལཱ་འབད་མི་ རྒྱ་གར་གྱི་བཟོ་སྐྲུན་ལས་སྡེ་ གེ་མཱོན་གྱིས་ ཆུང་རིམ་ཁག་འབགཔ་༡༠ དེ་ཅིག་ ལས་འགུལ་གྱི་ས་ཁོངས་ཚུ་ནང་ ས་དོང་བརྐོ་ནི་དང་ རྡོ་སྐྱེལ་འདྲེན་འབད་ནི་ དེ་ལས་ བྱེམ་དང་རྡོ་རུ་ རྩི་ས་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
ངོ་ཚབ་ཚུ་གིས་ ཉིན་བསྟར་བཞིན་དུ་ ཕུན་ཚོགས་གླིང་ལས་ ལས་འགུལ་གྱི་ས་ཁོངས་ཚུ་ནང་ བྱེམ་ཊཱག་༡༥ དེ་རེ་ སྐྱེལ་འདྲེན་འབད་དོ་ཡོདཔ་ད་ སྤྱི་ཟླ་༢ པ་ལས་འགོ་བཙུགས་ཏེ་ གེ་མཱོན་ལས་སྡེ་གིས་ ངོ་ཚབ་ལས་སྡེ་ཚུ་ལུ་ དངུལ་ཀྲམ་ས་ཡ་༦.༦ བྱིན་ནི་ཡོད་པའི་ཁར་ ལས་སྡེ་དེ་གིས་ བུ་ལོན་བསྡོམས་དངུལ་ཀྲམ་ས་ཡ་༡༨༡ ལྷགཔ་ཅིག་ འབྲུག་མི་དང་ རྒྱ་གར་གྱི་ བཀྲམ་སྤེལ་བ་ཚུ་ལུ་ སྤྲོད་ནི་ཡོདཔ་ཨིན་པས།
ཆུང་རིམ་ཁག་འབགཔ་དང་ བཀྲམ་སྤེལ་བ་ དེ་ལས་ སྐྱེལ་འདྲེན་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཟོ་སྐྲུན་ལས་སྡེ་དེ་གིས་ གནད་དོན་དེ་ ཡུན་འགྱངས་སྦེ་བཞག་པ་ཅིན་ ཁྲིམས་འདུན་ལུ་བསྐྱལ་ནི་མ་གཏོགས་ ཐབས་ཤེས་གཞན་ མེད་ཟེར་ཨིན་པས།
ཇའི་པར་ཀཱཤ་བཟོ་སྐྲུན་ལས་སྡེ་གིས་ ལས་འགུལ་གྱི་ ཆུ་བྱག་དང་ གློག་མེ་ཨམ་ བཟོ་སྐྲུན་འབད་དོ་ཡོདཔ་ད་ ཆུ་དུང་བཟོ་སྐྲུན་དེ་ གེ་མཱོན་བཟོ་སྐྲུན་ལས་སྡེ་གིས་ འབད་དོ་ཡོདཔ་ཨིན་པས།
སྐྱེལ་འདྲེན་པ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་སྡེ་དེ་གིས་ ཟླ་རིམ་གྱི་ བསྐྱིན་འགྲུལ་ཚུ་ བཏབ་མ་ཚུགས་པའི་ཁར་ གླ་ཁར་ལེན་ཡོད་མི་ སྣུམ་འཁོར་གྱི་ ཇོ་བདག་ཚུ་ལུ་ཡང་ གླ་འཐུས་སྤྲོད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ཁག་འབགཔ་ཚུ་གིས་ དཀའ་ངལ་སེལ་ཐབས་ལུ་ ཐབས་ཤེས་བཏོན་ཏེ་ ཁོང་རའི་ཉེ་ཚན་དང་ བསྐྱིན་འགྲུལ་གྱི་ལཱ་འབད་མི་ཚུ་ལས་ སྐྱེད་མཐོ་སུ་སྤྲོད་དེ་ ལེན་བྱིན་དོ་ཟེར་ཨིནམ་ད་ དེ་གིས་ ཁྲལ་བཏབ་པའི་སྐབས་ ཐོ་བཀོད་འབད་ས་མེདཔ་ལས་ སྟབས་མི་བདེ་བས་ཟེར་ཨིན་པས།
བཀྲམ་སྤེལ་བ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ནམ་ར་འབད་རུང་ ལས་འགུལ་གྱི་ འཛིན་སྐྱོང་འགོ་དཔོན་གྱིས་ སྤུ་ན་གཙང་ཆུ་ལས་འགུལ་ནང་ལས་ ཏི་རུ་མ་ཐོབ་ཟེར་ སླབ་དོ་ཡོད་རུང་ ཁོང་གིས་ ཤེས་དོ་བཟུམ་འབད་བ་ཅིན་ ལས་འགུལ་དེ་ལས་ ཏི་རུ་ཚུ་ དུས་ཚོད་ཁར་ བྱིན་དོ་ཡོདཔ་སྦེ་ གོ་ཡི་ཟེར་ཨིནམ་ད་ གལ་སྲིད་ མ་བྱིན་ཏེ་འབད་རུང་ དཀའ་ངལ་དེ་ ཁོང་གིས་ བསལ་ནི་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
གེ་མཱོན་ལས་སྡེ་དང་ ཆུང་རིམ་ཁག་འབགཔ་ཚུ་གི་བར་ན་ ཟླ་རིམ་གྱི་གླ་ཆ་ཚུ་ ཨ་རྟག་ར་ ཟླཝ་རྫོགས་ཏེ་ སྤྱི་ཚེས་༡༠ གྱི་ ནང་འཁོད་ལུ་སྤྲོད་དགོཔ་སྦེ་ གན་རྒྱ་བཟོ་སྟེ་ཡོད་རུང་ ལཱ་འགོ་བཙུགས་པའི་བསྒང་ལས་ར་ གན་རྒྱ་དང་འཁྲིལ་མ་བཏུབ་ཟེར་ ཁག་འབགཔ་ཅིག་གིས་ བཤདཔ་ཨིན་པས།
བཀྲམ་སྤེལ་བ་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ ཏི་རུ་བྱིན་ཏེ་འབད་རུང་ དཔྱ་བགོ་རྐྱབ་སྟེ་ བྱིན་དོ་ཡོདཔ་ལས་ ཏི་རུ་མེད་པར་ ག་དེ་སྦེ་ ལཱ་འབད་ཚུགས་ནི་ཟེར་ཨིནམ་ད་ ཆུང་རིམ་ཁག་འབགཔ་དང་ སྐྱེལ་འདྲེན་འབད་མི་ཚུ་གིས་ ཟླ་རིམ་བཞིན་དུ་ འཕྲུལ་ཆས་གླ་ཁར་ལེན་ཡོད་མི་ཚུ་ལུ་ དངུལ་ཀྲམ་འབུམ་༢ ལྷགཔ་རེ་ བྱིན་དོ་ཡོདཔ་ཨིན་པས།
ཁག་འབགཔ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་ བཟོ་སྐྲུན་ལས་སྡེ་ཚུ་ ལཱ་འབད་ཚར་བའི་ཤུལ་ལས་ ལོག་འགྱོ་ནི་ཨིན་རུང་ ཁོང་ཆ་ཁྱབ་ ཨ་རྟག་ར་ རྒྱལ་ཁབ་ནང་ ལཱ་འབད་དེ་སྡོད་མི་ཨིནམ་ལས་ མཐུན་ལམ་བཞག་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
ཆུང་རིམ་ཁག་འབགཔ་ཚུ་གིས་ ལས་སྡེ་དེ་དང་གཅིག་ཁར་ ལཱ་འབད་དེ་ ལོ་ངོ་༣ དེ་ཅིག་ལང་དོ་ཡོདཔ་ད་ གནས་སྟངས་དེ་ ཧེ་མ་འབད་བ་ཅིན་ ད་རེས་བཟུམ་སྦེ་ སྐྱོ་དྲགས་མེད་ཟེར་ཨིནམ་ད་ དཀའ་ངལ་ཐོན་ཏེ་འབད་རུང་ ག་ནི་ཡང་ མ་སླབ་པར་བཞགཔ་ད་ གནས་སྟངས་སྐྱོ་དྲགས་སྦེ་ར་ འགྱོཝ་མས་ཟེར་ཨིན་པས།
སྐྱེལ་འདྲེན་པ་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ ཧེ་མ་འབད་བ་ཅིན་ སྤུ་ན་གཙང་ཆུ་ལས་འགུལ་གྱི་ བདག་སྐྱོང་ནང་ སྙན་ཞུ་འབད་དོ་ཡོད་རུང་ དཀའ་ངལ་དེ་གི་སྐོར་ལས་ ནམ་ཚུན་ སྙན་ཞུ་འབད་ནི་སྨོ་ཟེར་ཨིནམ་ད་ ལམ་ལུགས་ཚུ་ ཚུལ་མཐུན་མེདཔ་ད་ འཕྲལ་འཕྲལ་སྐབས་ གླ་ཆ་དགོཔ་སྦེ་ སླབ་པའི་སྐབས་ བརྙས་བཅོས་འབདཝ་མས་ཟེར་ཨིན་པས།
ཆུང་རིམ་ཁག་འབགཔ་ཚུ་གིས་ ལས་སྡེའི་འཛིན་སྐྱོང་འགོ་དཔོན་ལུ་ ཡི་གུ་ཡང་ ཚར་ལེ་ཤ་ཅིག་ར་ བཙུགས་ཡོད་པའི་ཁར་ གེ་མཱོན་བཟོ་སྐྲུན་ལས་སྡེའི་ འཛིན་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ དཀའ་ངལ་དེ་ འགོ་དང་པ་ཨིན་ཟེར་ཨིནམ་ད་ དེ་ཡང་ རྒྱ་གར་གཞུང་གིས་ དུས་ཚོད་ཁར་ ཏི་རུ་མ་བྱིན་ནི་དེ་གིས་ཨིན་ཟེར་ཨིནམ་ད་ དེ་སྦེ་ཨིན་པ་ཅིན་ ཐབས་ཤེས་ཚུ་ ངེས་པར་དུ་ བཏོན་དགོཔ་འདུག་ཟེར་ཨིན་པས།
དངུལ་རྩིས་མདོ་ཆེན་ བི་ཀེ་ ཅའུ་བི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ གེ་མཱོན་ལས་སྡེ་ལུ་ སྤྱི་ཟླ་༣ པ་ཚུན་ དུས་ཚོད་ཁར་ ཏི་རུ་བྱིན་ཡི་ཟེར་ཨིནམ་ད་ དཀའ་ངལ་མི་འཐོན་ནིའི་དོན་ལུ་ ཟླཝ་རེ་ནང་ མ་དངུལ་ཚར་༢ རེ་ བྱིན་ནི་ཡོད་ཟེར་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་གྱིས་ ཤུལ་མའི་བདུན་ཕྲག་ནང་ དངུལ་ཀྲམ་ཐེར་འབུམ་༡.༥ བྱིན་ནི་ཨིན་པས།
ཆུང་རིམ་ཁག་འབགཔ་ཅིག་གིས་ སླབ་མིའི་ནང་ གེ་མཱོན་ལས་སྡེ་གིས་ དེ་སྦེ་ར་ འབད་སྡོད་པ་ཅིན་ ལཱ་གི་གྲུབ་འབྲས་ལུ་ གནོད་འོང་ཟེར་ཨིནམ་ད་ ལས་འགུལ་དེ་ བརྒྱ་ཆ་༧༠ བསྐྱིན་འགྲུལ་གྱི་ཐོག་ལས་དང་ བརྒྱ་ཆ་༣༠ རྒྱ་གར་གཞུང་གིས་ གྲོགས་རམ་ཐོག་ལས་ སྤྱི་ལོ་༢༠༡༠ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ ལུ་ མཇུག་བསྡུ་ཚུགས་པའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment