གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་གིས་ སྤ་རོ་རྫོང་ཁག་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༡/༦/༢༠༡༣   ༉ སྤ་རོ་ ལམ་གོང་- ཝང་ཅ་ འདེམས་ཁོངས་ཀྱི་ མི་སེར་མང་ཤོས་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་རུང་ སྤ་རོ་ རྡོ་དགར་- ཤར་པ་ འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
ཐིམ་པུ་ལས་ སྤ་རོ་ལུ་ ཚོགས་རྒྱན་བཙུགས་བར་སོང་མི་ སྐྱེས་ལོ་༧༧ ལང་མི་ ཨཔ་ཀོ་ཏ།


ལམ་གོང་- ཝང་ཅ་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༨༧༨༧ ཡོད་ས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༣༡༥༨ ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༢༠༢༢  འབྲུག་མཉམ་རུབ་ཚོགས་པ་གིས་༤༧༦ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་ ༢༧༩ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྡོ་དགར་- ཤར་པ་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༧༦༠༦ ཡོད་མིའི་གྲས་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༢༦༥༤ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ ཤུལ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡༦༣༢ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༦༨༦ དེ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་རྒྱན་༡༥༤ ཐོབ་ཡོདཔ་ཨིན་པས།
ལམ་གོང་- ཝང་ཅ་འདེམས་ཁོངས་ཀྱི་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་ ཨྱོན་ཚེ་རིང་གིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ འབྲུག་སྤྱིར་དབང་ཚོགས་པ་ཕམ་དགོ་མི་དེ་ རྒྱལ་ཁབ་ནང་ ཚོགས་པ་གསརཔ་ཅིག་ཨིན་མི་ལུ་བརྟེན་ བསྐུལ་བསྒྲགས་འབད་ནི་གི་ དུས་ཚོད་མ་ཐོབ་ལས་ ཡོངས་བསྒྲགས་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ ཚོགས་པ་ནང་ འདེམས་ངོ་མང་ཤོས་ར་ ན་གཞོན་ཙང་ཙ་འབད་ནི་དེ་གིས་ མི་སེར་ཚུ་གིས་ ཚོགས་རྒྱན་མ་བྱིནམ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་དེ་ དེ་ཅིག་གིས་ མཇུག་བསྡུཝ་མེན་ཟེར་ ཨྱོན་ཚེ་རིང་གིས་བཤད་པའི་ཁར་ ཚོགས་པ་དེ་གིས་ ཤུལ་མམ་གྱི་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་ནི་ཨིནམ་བཞིན་དུ་ ད་ལས་ཕར་ ལོ་ལྔའི་ནང་འཁོད་ལུ་ ཚོགས་པའི་འདེམས་ངོ་ ཉམས་མྱོང་ཅན་དང་ ལྕོགས་གྲུབ་ཅན་ཚུ་ འཚོལ་ནིའི་ལཱ་འབད་ནི་ཟེར་ཨིན་པས།
སྤ་རོ་རྫོང་ཁག་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༦༣༩༣ ཡོད་མི་ནང་ལས་ འགོ་ཐོག་བཙག་འཐུ་ནང་ཚོགས་རྒྱན་ཡོངས་བསྡོམས་༡༡༠༦༡ བཙུགས་ཡོད་མི་དེ་གིས་ ཚོགས་རྒྱན་བཙུགས་མི་གི་ བརྒྱ་ཆ་༦༧.༤༧ ཐོན་ཡོདཔ་ཨིན་པས།
སྤ་རོ་ལུ་ བཙག་འཐུ་དེ་ དཀའ་ངལ་ག་ཅི་ཡང་ མ་ཐོན་པ་ མཐར་འཁྱོལ་ཅན་ཅིག་སྦེ་ མཇུག་བསྡུ་ཡོདཔ་ཨིན་པས།
ཨིན་རུང་ ཝང་ཅ་རྒེད་འོག་གི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ སློབ་དཔོན་སློབ་སྦྱོང་སྤེལ་ཁང་ནང་ དུམ་གྲ་ཅིག་ ཐག་རིང་བའི་སྐོར་ལས་ མི་སེར་མང་ཤོས་ཅིག་གིས་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་མི་ ལྷག་པ་ཚེ་རིང་གིས་སླབ་མིའི་ནང་ ན་གཞོན་ཚུ་གི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་དེ་ ས་ཐག་རིང་མི་དེ་གིས་ ཁྱད་པར་མེད་རུང་ མི་རྒས་ཤོས་ཚུ་ གནམ་གཤིས་ལེགས་ཤོམ་མེད་པའི་སྐབས་ དཀའ་ངལ་སྦོམ་ཐོནམ་མས་ཟེར་ཨིན་པས།
མ་གཞི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་ ལེ་ཤ་འོང་བཅུག་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་དེ་ ག་དེ་སྟབས་བདེ་ཏོག་ཏོ་ ཡོད་མི་ཅིག་ནང་བཟོ་དགོཔ་དེ་ ཁག་ཆེ་བས་ཟེར་ ཚོགས་རྒྱན་བཙུགས་མི་ ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྤ་རོ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment