གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོག་ལག་ལེན་འཐབ་བཏུབ་མི་ ཆང་བི་ཡར་གྱི་ཤེལ་དམ་ཚུ་ ཉོ་མི་འོས་ལྡན་ཅིག་མེདཔ།

༡༤/༦/༢༠༡༣   ༉ ཕུན་ཚོགས་གླིང་ལུ་ ལོག་ལག་ལེན་འཐབ་བཏུབ་མི་ ཆང་བི་ཡར་གྱི་ ཤེལ་དམ་ཚོང་འབྲེལ་འཐབ་མི་ཚུ་ བཙོང་སའི་ས་གོ་ འོས་ལྡན་ཅིག་ ཐོབ་མ་ཚུགས་པར་ དབུ་འགམ་སྟེ་ཡོདཔ་ཨིན་པས།
དེ་ཡང་ འབྲུག་ཨི་ལེ་བེན་བི་ཡི་ཡར་ བཟོ་གྲྭ་ཁང་གིས་ ཤེལ་དམ་བཙོང་མི་ཚུ་ལས་ མ་ལེན་པར་ རྒྱ་གར་ལས་ ལེན་དོ་ཡོདཔ་ལས་ གཞན་ཁར་བཙོང་ས་མེད་པར་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ གོང་ཚད་མར་ཕབ་ཐོག་ལས་ བཙོང་དགོཔ་ཐོན་ཡོདཔ་ཨིན་པས།

ཉོ་མི་མེད་པར་ སྤུངས་བཞག་དགོཔ་ཐོན་མི་ ཆང་བི་ཡར་གྱི་ཤེལ་དམ་ཚུ།


ཁོང་གིས་འབད་བ་ཅིན་ ཤེལ་དམ་ཚུ་ རྒྱ་གར་ལུ་བཙོང་བའི་ཤུལ་ལས་ ལོག་སྟེ་ར་ འབྲུག་གི་བཟོ་གྲྭ་ཁང་དེ་ནང་ ལྷོདཔ་མས་ཟེར་ སླབ་ཨིན་པས།
ཤེལ་དམ་བཙོང་མི་ཚུ་གིས་འབད་བ་ཅིན་ ཤེལ་དམ་ཚུ་ འབྲུག་ལས་རྒྱ་གར་ལུ་ བཙོང་ཞིནམ་ལས་ ད་རུང་ འབྲུག་པའི་བཟོ་གྲྭ་ཁང་གིས་ རྒྱ་གར་ལས་ རུ་པི་སྤྲོད་དེ་ ཉོ་མི་ལུ་ལྟཝ་ད་ གནད་དོན་ཧ་གོ་མ་ཚུགས་ཟེར་ཨིན་པས།
ཤེལ་དམ་ཚོང་པ་ཅིག་ཨིན་མི་ བཀྲིས་ནོར་བུ་གིས་ སླབ་མིའི་ནང་ ཁོང་གིས་ཤེལ་དམ་ཚུ་ སྤུས་ཚད་དང་བསྟུན་ རྒྱ་གར་གྱི་ མི་ཚུ་ལུ་ ཤེལ་དམ་རེ་ལུ་ རུ་པི་༢.༦༠ དང་༣.༦༠ གི་བར་ན་སྦེ་ བཙོང་མི་དེ་ བཟོ་གྲྭ་ཁང་དེ་གིས་ ཤེལ་དམ་རེ་ལུ་ རུ་པི་༥ རེ་ སྤྲོདཔ་མས་ཟེར་ཨིནམ་ད་ བཟོ་གྲྭ་ཁང་དེ་ལུ་ གྲོས་བསྟུན་འབད་ཡོད་རུང་ བཟོ་གྲྭ་གིས་ ཐད་ཀར་དུ་ རྒྱ་གར་ལུ་བཙོང་དགོཔ་སྦེ་ སླབ་མས་ཟེར་ཨིན་པས།
ཤེལ་དམ་ཚུ་ བཙོང་ས་མེད་པར་ སྤུངས་བཞག་དགོཔ་བྱུང་མི་ལུ་བརྟེན་ ཤེལ་དམ་བཙོང་མི་ཚུ་གིས་ གནད་དོན་དེ་ ཅ་དམ་ཡིག་ཚང་དང་ ཚོང་འབྲེལ་ལས་ཁུངས་ དེ་ལས་ འབྲེལ་ཡོད་བཟོ་གྲྭ་ལས་སྡེ་ཚུ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ངོས་ལེན་ཚུལ་མཐུན་ཅིག་ འབད་མི་མིན་འདུག་ཟེར་ཨིན་པས།
ཤེལ་དམ་ཚོང་པ་ཚུ་གིས་ ཉིནམ་རེ་ལུ་ ཤེལ་དམ་ ཌི་སི་ཨེམ་ཊཱག་༣ དེ་ཅིག་ བཙོང་དོ་ཡོདཔ་ད་ སྣུམ་འཁོར་ཌི་སི་ཨེམ་ཊཱག་རེ་ནང་ ཤེལ་དམ་དོས་༩༠ དེ་ཅིག་ འབག་ཐེག་དོ་ཡོདཔ་ཨིན་པས།
བི་ཡར་བཟོ་གྲྭ་ཁང་གི་ མདོ་ཆེན་འོག་མ་ ཊི་ཨར་ཤར་མ་གིས་ སླབ་མིའི་ནང་ འབྲུག་པའི་ཤེལ་དམ་བཙོང་མི་ཚུ་གིས་ ཤེལ་དམ་ཚུ་ ཐད་ཀར་དུ་ བཟོ་གྲྭ་ཁང་ནང་ འབག་འོངམ་ད་ ལེན་བཞགཔ་ཨིན་ཟེར་ཨིནམ་ད་ ཚོང་པ་གཞན་མི་ རྒྱ་གར་ལས་ རུ་པི་མངམ་ཐོབ་དོ་ཡོད་མི་ཚུ་ རྒྱ་གར་ལུ་ར་ བཙོང་དོ་ཡོདཔ་འོང་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ བཟོ་གྲྭ་ཁང་ལུ་ ལོ་བསྟར་བཞིན་དུ་ ཤེལ་དམ་ས་ཡ་༣༠ དེ་ཅིག་ མཁོ་འདོད་བྱུངམ་ཨིན་རུང་ འབྲུག་པའི་ཚོང་པ་ཚུ་གིས་ ཤེལ་དམ་༤༠,༠༠༠ དེ་ཅིག་ལས་ འབག་འོང་ནི་མེདཔ་ལས་ འཕྲལ་འཕྲལ་སྦེ་ར་ རྒྱར་གར་ལས་ ཉོ་དགོཔ་ཐོནམ་མས་ཟེར་ཨིནམ་ད་ བཟོ་གྲྭ་ཁང་དེ་ལུ་ ཉིནམ་རེ་ནང་ ཧ་ལམ་ ཤེལ་དམ་༧༠,༠༠༠ དེ་རེ་ དགོཔ་ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ བཟོ་གྲྭ་ཁང་གིས་ ཤེལ་དམ་ཚོང་པ་ཚུ་ག་ར་འབད་རུང་ ཤེལ་དམ་བཙོང་ནི་ཡོད་པ་ཅིན་ ཐད་ཀར་དུ་ བཟོ་གྲྭ་ཁང་ནང་འབག་འོང་པ་ཅིན་ མ་ཉོ་བར་མི་བཞག་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment