གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་སྣུམ་བཀྲམ་སྤེལ་ཁང་ཅིག་ གཞི་བཙུགས་འབད་བ་ཅིན་ མི་མང་ལུ་ཕན་ཐབས་སྦོམ་འབྱུང་ནི།

༤/༦/༢༠༡༣   ༉ བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ འབྲུག་ས་སྣུམ་བཀྲམ་སྤེལ་ལས་སྡེ་གིས་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ལུ་ རྫོང་ཁག་གི་མཐའ་ཟུར་དྲུང་ཁག་ ཇོ་མོ་གཙང་ཁ་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ལས་ དྲུང་ཁག་དང་ ཉེ་འདབས་ལུ་སྡོད་མི་ ཞི་གཡོགཔ་དང་ མི་སེར་ཚུ་གིས་ ས་སྣུམ་བླུགས་པར་ བསམ་གྲུབ་ལྗོངས་མཁར་ལུ་ འོང་མི་དགོ་ནི་ཨིན་པས།


འབྲུག་ས་སྣུམ་བཀྲམ་སྤེལ་ལས་སྡེའི་ འཛིན་སྐྱོང་འགོ་དཔོན་ ཀེ་ཨེན་ཆེ་ཏ་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གི་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ ད་ཚུན་ ས་སྣུམ་བཀྲམ་སྤེལ་ཁང་མེདཔ་ལས་ དེ་ནང་སྡོད་མི་ཚུ་གིས་ སྣུམ་འཁོར་གྱི་དོན་ལུ་ ས་སྣུམ་ལེན་པར་ བསམ་གྲུབ་ལྗོངས་མཁར་ཚུན་ འོངམ་ཨིན་ཟེར་ཨིན་པས།
ཁོ་གིས་ དྲུང་ཁག་གི་མི་ཚུ་གིས་ བསྟན་རྒྱས་ལྷན་ཁག་ནང་ སྙན་ཞུ་འབད་ཡོདཔ་ལས་ གནས་སྐབས་ཀྱི་དོན་ལུ་ ཧོད་སྦོམ་ཚུ་ནང་འདེགས་བཞག་སྟེ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ས་ཁོངས་ཡང་ ངོས་འཛིན་འབད་དེ་ཡོད་ཟེར་ཨིནམ་ད་ སྣུམ་འཁོར་ག་དེམ་ཅིག་ཡོདཔ་ཨིན་ན་ཡང་ ཞིབ་དཔྱད་འབད་ཚར་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དྲུང་ཁག་དེ་ནང་ ད་ཚུན་ སྣུམ་འཁོར་བསྡོམས་ཀྱིས་༡༥༠ དེ་ཅིག་ལས་བརྒལ་ མེད་ནི་དེ་གིས་ བཀྲམ་སྤེལ་ཁང་ངོ་མ་ གཞི་བཙུགས་འབད་ཐབས་མེདཔ་ལས་ ས་སྣུམ་ཧོད་སྦོམ་ཚུ་ནང་ འདེགས་བཞག་ཐོག་ལས་ འབད་ནི་ཨིན་ཟེར་ཨིན་པས།
འཛིན་སྐྱོང་འགོ་དཔོན་གྱིས་ བཀྲམ་སྤེལ་ཁང་གཞི་བཙུགས་འབད་དགོ་པ་ཅིན་ ཉིན་བསྟར་བཞིན་དུ་ ས་སྣུམ་ལི་ཊར་༤༠༠༠ ལྷགཔ་རེ་ བཙོང་དགོཔ་ལས་ སྣུམ་འཁོར་གྱི་གྱངས་ཁ་ མང་སུ་དགོ་པའི་ཁར་ དེ་མིན་ ལས་སྡེ་ལུ་ གྱོང་རྒུད་སྦོམ་ ཕོག་འོང་ཟེར་ཨིན་པས།
ཇོ་མོ་གཙང་ཁ་དྲུང་ཁག་དེ་ བསམ་གྲུབ་ལྗོངས་མཁར་ལས་ ཀི་ལོ་མི་ཊར་༦༠ ལྷགཔ་ཅིག་གི་ས་ཁར་ཡོདཔ་ད་ དྲུང་ཁག་དེ་ རྒྱ་གར་གྱི་ས་མཚམས་ཁར་ཨིན་རུང་ ས་སྣུམ་གྱི་དོན་ལུ་ བསམ་གྲུབ་ལྗོངས་མཁར་ལུ་ར་ འོང་དགོཔ་ཨིན་པས།
དྲུང་ཁག་གི་ ཚོང་པ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ཚུན་ ཁོ་རའི་སྣུམ་འཁོར་གྱི་དོན་ལུ་ ས་སྣུམ་བླུགས་པར་ བསམ་གྲུབ་ལྗོངས་མཁར་ལུ་ འོང་དོ་ཡོད་པའི་ཁར་ འཕྲལ་འཕྲལ་སྐབས་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་ཚུ་ འོང་བའི་ཞོར་ཁ་ལུ་ ཉོ་བར་བཏངམ་ཨིན་ཟེར་ཨིན་པས།
གནས་ཚུལ་དེ་ དྲུང་ཁག་དེ་གི་ ཞི་གཡོགཔ་དང་ ལྷག་པར་དུ་ སྣུམ་འཁོར་ཡོད་མི་ཚུ་ལུ་ ལེགས་ཤོམ་ཅིག་ཨིན་པའི་ཁར་ མེ་རླུང་རྒྱ་རྫི་དེ་ཡང་ ཐོབ་ཚུགསཔ་བཟོ་ནི་ཨིན་པས།
ཧེ་མ་འབད་བ་ཅིན་ མེ་རླུང་རྒྱ་རྫི་དེ་ བསམ་གྲུབ་ལྗོངས་མཁར་ལས་ ཉོ་འབག་འོང་དོ་ཡོདཔ་ལས་ ད་ལས་ཕར་ མེ་རླུང་རྒྱ་རྫི་ཡང་ ས་སྣུམ་དང་གཅིག་ཁར་ འཐོབ་ཚུགས་ནི་ཨིན་པས།
མེ་རླུང་དེ་ དྲུང་ཁག་དེ་ནང་རྐྱངམ་གཅིག་མེན་པར་ བདེ་བ་ཐང་ཁྲོམ་ནང་ཡང་མེདཔ་ལས་ མི་ཚུ་གིས་ ལཱ་ཁག་སྦེ་ བསམ་གྲུབ་ལྗོངས་མཁར་ལུ་ ལེན་པར་འགྱོ་དགོ་དོ་ཡོད་མི་ལུ་བརྟེན་ དཀའ་ངལ་ཡོདཔ་ཨིན་པས།
བདེ་བ་ཐང་ལས་ ཨམ་ཆོས་སྒྲོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་མེད་མི་ཚུ་ལུ་ མེ་རླུང་རྒྱ་རྫི་ལེན་པར་ གླ་འཁོར་ནང་འགྱོ་དགོ་པའི་ཁར་ གནམ་བྱཱར་ལུ་འབད་བ་ཅིན་ འཕྲལ་འཕྲལ་མེ་རླུང་རྒྱ་རྫི་ཐོབ་མ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
མོ་གིས་ ཧེ་མ་འབད་བ་ཅིན་ བདེ་བ་ཐང་ལུ་ མེ་རླུང་རྒྱ་རྫི་བཙོང་མི་ཅིག་ཡོད་མི་དེ་ཡང་ གཞུང་གིས་བཀག་ཆ་འབད་དེ་ ལོ་ངོ་དག་པ་ཅིག་ སོང་ཡོདཔ་ལས་ དེ་ནང་ བཀྲམ་སྤེལ་འབད་མི་ཅིག་ དགོཔ་ངེས་པར་དུ་ འདུག་ཟེར་ཨིན་པས།
འཛིན་སྐྱོང་འགོ་དཔོན་གྱིས་ བྱ་སྟབས་མ་བདེཝ་ཐོན་ཏེ་ བཀྲམ་སྤེལ་འབད་མི་ཚོང་ཁང་དེ་ འཕྲོ་མཐུད་འབད་མ་ཚུགས་པའི་ཁར་ ཤུལ་ལས་འབད་རུང་ གཞི་བཙུགས་འབད་ནི་གི་ འཆར་གཞི་མེད་ཟེར་ཨིན་པས།
བདེ་བ་ཐང་ལུ་ བསྟན་སྲུང་དམག་སྡེ་ ཆགས་པའི་ཤུལ་ལས་ མི་རློབས་རྒྱ་ཆེ་དྲགས་སྦེ་ར་ཡར་སེང་སོང་ཡོདཔ་ལས་ བཀྲམ་སྤེལ་འབད་མི་ཅིག་ དགོཔ་འདུག་ཟེར་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment