བཛྲ་གུ་རུ་དུང་སྒྲུབ་བསག་མི་ རྒས་ཤོསམ་ཚུ། |
ཞིག་རལ་ཐལ་མི་ གཡུ་ཏོག་དགོན་པའི་ལྷ་ཁང་། |
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༣༠ ལས་འགོ་བཙུགས་ཏེ་ ཉིན་གྲངས་༤ འི་རིང་སོང་བའི་ བཛྲ་གུ་རུ་དུང་སྒྲུབ་དེ་ སྤྱི་ཟླ་༡༡ པའི་ཚེས་༦ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིནམ་དང་འབྲེལ་ འགྲོལ་གནང་ནི་ཨིན་པས།
གཡུ་དགོན་བསམ་གྲུབ་ཆོས་གླིང་སློབ་གྲྭའི་ དབུ་འཛིན་ཚེ་དབང་དཔལ་འབྱོར་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༩ ལས་ སློབ་གྲྭ་དེ་ནང་ བཛྲ་གུ་རུ་དང་ མ་ཎི་དུང་སྒྲུབ་བསག་ནིའི་སྲོལ་དེ་ བླམ་ཚེ་རིང་གིས་ འགོ་འདྲེན་འཐབ་པའི་ཤུལ་ལུ་ སྤྱི་ལོ་༢༠༡༡ ལུ་ སློབ་གྲྭ་དེ་ནང་ དད་ཅན་གྱི་སྦྱིན་བདག་འབད་མི་ ཚོགས་པ་གཅིག་ཐོན་ཏེ་འབད་ཡོད་པ་ད་ དུས་ཅི་ ཚོགས་པ་༨ ཀྱིས་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
ཁོང་ཚོགས་པ་༨ ཀྱིས་ ཉིནམ་རེའི་ནང་ ཚོགས་པ་རེ་གིས་ ཉིནམ་གཅིག་གི་ ཟད་འགྲོ་ཚུ་གཏང་དགོཔ་ད་ ཉིནམ་དང་པའི་ནང་ གཞུང་དཀར་ནང་གཡུས་ཚན་ལས་ བཙན་སྐྱོགས་དབང་མོ་དང་ ཉིནམ་༢ པའི་ནང་ རི་བཱ་ནང་ལས་ དྲག་ཤོས་རྡོ་རྗེ་ཚེ་རིང་ ཉིན་༣ པའི་ནང་ གངས་རི་ལས་ ཨམ་རིན་ཆེན་པདྨོ་ ཉིན་གྲངས་༤ པའི་ནང་ ཞལ་ངོ་ལས་ སློབ་དཔོན་ མིག་དམར་རྡོ་རྗེ་ ལྔ་པའི་ནང་ ཞལ་ངོ་དང་སྐྱབས་ཆ་ལས་ སངས་རྒྱས་བཟང་མོ་དང་ ཨམ་བསོད་ནམས་པདྨོ་ དེ་ལས་ ཁ་ཙ་ བཙན་ཏོག་ལས་ བཙན་སྐྱོགས་དབང་ཕྱུག་གིས་ འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རིས་ཉིན་མ་ གངས་རི་ལས་ རྒཔོ་བགྲེསཔ་བསོད་ནམས་ཚེ་རིང་དང་ ནངས་པ་ བ་ར་གཡུས་ཚན་ལས་ མགོནམ་དོན་གྲུབ་ཀྱིས་ དྲོ་པ་ལས་ ཕྱི་རུ་ཚུན་གྱི་ ཟད་འགྲོ་ཚུ་གཏང་ནི་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ གཡུ་དགོན་བསམ་གྲུབ་སློབ་གྲྭ་དེ་ནང་ རྒྱུ་སྦྱོར་ཡོན་བདག་ཚུ་གིས་ ཚོགས་འཁོར་དང་ དུང་སྒྲུབ་ག་ཅི་ར་བསག་དགོ་རུང་ དགེ་སློང་དང་ཨ་ནེམ་ཚུ་ལུ་ ཕྱག་འགྱེདཔ་དངུལ་ཀྲམ་༢༠༠ ལྷག་སྟེ་ ཕུལ་མ་ཆོག་པའི་ལམ་ལུགས་གསརཔ་ཅི་ཡང་ བཟོ་ཡོད་ཟེར་ཨིན་པས།
འདི་བཟུམ་སྦེ་ ལམ་ལུགས་གཅིག་མཚུངས་ཐོག་ལུ་གཞི་བཙུགས་འབད་དགོ་མི་དེ་ དད་ཅན་སྦྱིན་བདག་ཕྱུགཔོ་དང་ སྤྱང་ཀ་༢ ཀྱི་བར་ན་ ཁྱད་པ་མེད་པར་ ཚོགས་འཁོར་དང་ དུང་སྒྲུབ་ཚུ་ བསག་ཚུགས་ནིའི་ ཐབས་ཤེས་ལུ་ཨིན་ཟེར་ཨིན་པས།
སློབ་གྲྭ་དེ་ནང་ དུས་ཅི་ བཛྲ་གུ་རུ་དུང་སྒྲུབ་བསགས་དགོ་མི་དེ་ གཡུ་ཏོག་དགོན་པ་དེ་ གནས་རྩ་ཅན་ བྲག་དཀར་པོ་དང་ ཐུགས་རྗེ་བྲག་གི་ དབུས་སུ་ཆགས་ཡོདཔ་ལས་ སྤྱིར་བཏང་ གུ་རུའི་སྐུ་གསུང་ཐུགས་རྟེན་གྱི་ གནས་རྩ་ཅན་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་ དུས་རྒྱུན་དུ་ དགའ་སྐྱིད་གནས་ཐབས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་འགྲུབ་ཐབས་ལུ་ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་དང་འབྲེལ་ གུ་རུའི་དཀོན་མཆོག་བཅུད་བསྡུས་ཀྱི་ མཐོང་གྲོལ་མཇལ་ཁ་གནང་ནི་ཨིནམ་མ་ཚད་ ཚེ་དབང་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པས།
སློབ་གྲྭ་དེ་ནང་ བྱ་སྟབས་མ་བདེ་བའི་དཀའ་ངལ་སྦོམ་ཤོས་ཅིག་ སྤྱི་ལོ་༢༠༡༡ ཟླ་༣ པའི་ ས་ཡོམ་གྱི་རྐྱེན་ངན་གྱིས་ མེདཔ་བཏང་ཡོད་མི་ལུ་རྟེན་ ལྷ་ཁང་ནང་ དུས་རྒྱུན་གྱི་ ཚོགས་འཁོར་བསྐོར་ནི་ བསངས་དང་ གསོལ་ཁ་ དེ་ལས་ དགེ་བའི་ལཱ་སྒྲུབ་ས་མེདཔ་བཟོ་མི་དེ་ དཀའ་ངལ་གྱི་གཞི་གནད་ཅིག་ཨིན་ཟེར་ཨིན་པས།
རྐྱེན་ངན་དེ་ བྱུང་བའི་ཤུལ་ལུ་ གཞུང་ལུ་ སྙན་ཞུ་ཕུལ་ཡོདཔ་ཨིན་རུང་ ལྷ་ཁང་ཉམས་བཅོས་འབད་ནི་ལུ་ གྲོགས་རམ་གནང་མ་བཏུབ་ཟེར་ ཨིནམ་ད་ ལྷ་ཁང་གི་ ཚོགས་པ་དང་ སྦྱིན་བདག་ཐོན་མི་ཚུ་ལས་ བསྐྱར་བཞེངས་འབད་ནིའི་དོན་ལུ་ མ་དངུལ་བསྡུ་ལེན་འབད་མི་གིས་ ལང་མ་ཚུགསཔ་ལས་ དེ་སྦེ་ར་ ལུས་ཡོདཔ་ད་ དབུ་འཛིན་གྱིས་ བསམ་པའི་རེ་བ་ཟེར་རུང་ གཞུང་ལས་ སྐྱིད་སྡུག་དང་རྒྱབ་སྐྱོར་ཚུ་ གནང་འོང་མནོ་བའི་རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment