གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ཚ་ཆུའི་ས་ཁོངས་ རྒྱ་བསྐྱེད་འབད་དོ་ཡོདཔ།

༡༠/༡༡/༢༠༡༢   ༉ རྒྱལ་ཁབ་ནང་ རྩ་ཅན་ཅིག་ཨིན་མི་ དགེ་ལེགས་ཕུག་གི་ ཚ་ཆུའི་ས་ཁོངས་རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་དེ་ ཟླཝ་༡ གི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ དགེ་ལེགས་ཕུག་དྲུང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་ དགེ་ལེགས་ཕུག་ཚ་ཆུའི་ས་ཁོངས།


དེ་སྦེ་ མཐུན་རྐྱེན་གཞི་བཙུགས་འབད་དེ་ ལེགས་བཅོས་འབད་དགོ་མི་དེ་ཡང་ ད་རེས་ ལོ་བསྟར་བཞིན་དུ་ ཚ་ཆུ་སྦང་པར་འོང་མིའི་ གྱངས་ཁ་དེ་ ཡར་འཕར་འགྱོ་མི་ལུ་བརྟེན་ཨིན་པས།
དགེ་ལེགས་ཕུག་དྲུང་པ་ པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ གོང་འཕེལ་ལཱ་གི་གྲས་ལས་ མགྱོན་ཁྱིམ་གྱི་ ཐབ་ཚང་དང་ མི་མང་གི་དོན་ལུ་ ཁང་ཕྲན་༣ འབད་མི་ གསང་སྤྱོད་༡ དེ་ལས་ ཐབ་༦ རེ་འབད་མི་ཐབ་ཚང་༡ གསརཔ་བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།
དྲུང་པ་གིས་ སླབ་མིའི་ནང་ མཐུན་རྐྱེན་རྒྱ་བསྐྱེད་དེ་ ད་རེས་ནངས་པ་ ཚ་ཆུ་སྦང་པར་འོང་མིའི་གྱངས་ཁ་དེ་ ཡར་སེང་འགྱོ་མི་ལུ་བརྟེན་ དགོས་མཁོ་དང་བསྟུན་ མི་མང་ལུ་ ཕན་ཐོགས་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཚ་ཆུ་ནང་འོང་མི་ཚུ་ཡང་ ལོ་ཨ་རྟག་ར་ སྤྱི་ཟླ་༡༠ པ་ལས་ འགོ་བཙུགས་དོ་ཡོདཔ་བཞིན་དུ་ ད་རེས་ནངས་པ་ཡང་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ལས་ མི་བརྒྱ་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
ཚ་ཆུ་སྦང་བར་འོང་མི་ཅིག་ སྤ་རོ་ལས་ སྐྱེས་ལོ་༣༨ ལང་མི་ པདྨ་ཨིནམ་ད་ མོ་གིས་ དུས་ཅི་ འགོ་ཐོག་དང་པ་འོང་དོ་ཡོདཔ་ད་ མོ་གི་ཆ་རོགས་ཚུ་གིས་ ཚ་ཆུ་དེ་གིས་ མགུ་གཡུག་འཁོར་ནིའི་ནད་གཞི་ལས་ དྲག་པའི་ནུས་པ་ཡོད་པའི་སྐོར་ལས་ ཧ་གོ་སྟེ་ མོ་ར་དུས་ཡུན་རིངམོ་སྦེ་ན་མི་ མགུ་གཡུག་འཁོར་ནིའི་ན་ཚ་ལས་ དྲག་ཐབས་ལུ་འོང་ཡི་ཟེར་ཨིནམ་ད་ མོ་གིས་ བདུན་ཕྲག་༡ དེ་ཅིག་ ཚ་ཆུ་སྦང་སྡོད་ནིའི་རེ་བ་ཡོད་ཟེར་ཨིན་པས།
དྲུང་པ་པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ ཚ་ཆུའི་ས་ཁོངས་ནང་ མི་༡༥༠ དེ་ཅིག་ ལྷོད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ལས་ཕར་ ཚ་ཆུའི་ཝ་ནང་འཛུལ་ནི་ཡང་ ཕོ་སྐྱེས་དང་ ཨམ་སྲུའི་དོན་ལུ་ དུས་ཚོད་སོ་སོ་སྦེ་ བཟོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
འཆར་གཞི་དང་འཁྲིལཝ་ད་ ཕོ་སྐྱེས་དང་ ཨམ་སྲུ་སྡེ་ཚན་གྱིས་ སྐོར་རྒྱབ་བཟོ་སྟེ་ དུས་ཡུན་ཆུ་ཚོད་རེ་རེ་ སྦང་ནིའི་གོ་སྐབས་ཐོབ་ནིའི་དོན་ལུ་ཨིན་པས།
དེ་སྦེ་བཟོ་དགོ་མི་དེ་ཡང་ དྲུང་པ་གིས་འབད་བ་ཅིན་ ཚ་ཆུ་གཙང་སྦྲ་དང་ལྡན་ཏོག་ཏོ་བཞག་ནི་དང་ སྟབས་གཅིག་གུ་ མ་བཤོང་པའི་དཀའ་ངལ་ཚུ་ བསལ་ཐབས་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕྱི་རུ་གནམ་སྲོཔ་ད་ ན་གཞོན་ཚུ་གིས་ ཨ་རོགས་དགའ་རོགས་བསྡོམས་འོང་སྟེ་ སྤྱོད་ངན་སྣ་ཚོགས་འབད་མི་ལུ་བརྟེན་ ཚ་ཆུའི་གཙང་སྦྲ་ལུ་ གནོདཔ་མས་ཟེར་ཨིན་པས།
འཆར་གཞི་དེ་གིས་ མི་སེར་སྙིང་ནས་དད་པ་བསྐྱེད་དེ་འོང་མི་ཚུ་ལུ་ ཕན་ཐོགས་པའི་རེ་བ་ཡོད་ཟེར་ དྲུང་པ་གིས་ སླབ་ཨིན་པས།
ཚ་ཆུ་དེ་ དགེ་ལེགས་ཕུག་གི་ཁྲོམ་ཁ་ལས་ གཞལམ་སྒང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༡༢ དེ་ཅིག་གི་ས་ཁར་ འཁོར་ལམ་འོག་ལུ་ མའུ་མཁོ་ལ་ཆུའི་མཐའ་མར་ཆགས་ཏེ་ཡོདཔ་ད་ རྨ་དང་རྐང་ཚིག་ལག་ཚིག་ན་ནི་ དེ་ལས་ རྩ་བསྐུམ་ནད་གཞི་ཚུ་དྲག་དོ་ཡོདཔ་ཨིན་པས།
ཚ་ཆུའི་ས་ཁོངས་ནང་ མི་༡༤༠ དེ་ཅིག་ ཤོང་པའི་གཞུང་གི་མགྱོན་ཁྱིམ་དང་ མི་༡༨ དེ་ཅིག་ ཤོང་བའི་སྒེར་གྱི་མགྱོན་ཁྱིམ་ཡོདཔ་ད་ དེ་ནང་ ཚ་ཆུ་སྦང་ནིའི་དོན་ལུ་ དུས་སྟབས་གཅིག་གུ་ མི་༢༠ དང་༣༠ དེ་རེ་ཤོང་མི་ ཚ་ཆུ་ངོ་མ་ནང་ མ་འཛུལ་བའི་ཧེ་མར་ ཆུ་འཁྱུ་ནིའི་དོན་ལུ་ཡོད་མི་ ཝ་ཅིག་བརྩིས་ཏེ་ བསྡོམས་ཀྱིས་ ཚ་ཆུ་སྦང་སའི་ཝ་༥ ཡོདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུ་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment