གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦས་གླང་བྲག་གནས་ཀྱི་ བྱུང་རབས་མདོར་བསྡུས།

༡/༡༡/༢༠༡༢   ༉ སྦས་གླང་བྲག་ལུ་ གནས་ཁྱད་པར་ཅན་ ལེ་ཤ་ཡོད་པའི་གྲས་ལས་ བྱིན་རླབས་ཆེ་ཤོས་ར་ བྲག་ཕུག་གུ་ལུ་ཡོད་མི་ གུ་རུ་རིན་པོ་ཆེ་གི་ ཕྱག་ཐམ་དེ་ཨིནམ་ད་ ཕྱག་ཐམ་དེ་ རྡོའི་གུ་ལུ་ ཐད་སྒོར་སྒོར་སྦེ་ མཇལ་ཚུགས་པའི་ཁར་ དུས་ཆེན་དང་ དུས་བཟང་གི་སྐབས་ལུ་ དེ་གུ་ལས་མར་ བདུད་རྩི་བབས་མི་དེ་ གནས་མཇལ་བར་འགྱོ་མི་ཚུ་གིས་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
སྦས་གླང་བྲག་གནས།
རྡོར་གླིང་བྲག་ཕུག།
གུ་རུའི་ཕྱག་ཐམ་གུ་ལས་བབས་མི་ བདུད་རྩི།
ལས་སྒྲིབ་བཤུབ་སའི་གནས་རྡོ།


རང་ཟླ་༩ པའི་ཚེས་༡༠ ལུ་ ལྷ་ཁང་ནང་ རིག་འཛིན་བསྡུས་པའི་ བླ་སྒྲུབ་ཀྱི་ཚོགས་འཁོར་བསྐོར་བའི་སྐབས་ ཕྱག་ཐམ་གྱི་ གཡས་དང་གཡོན་ལས་མར་ བདུད་རྩི་བབས་མི་དེ་ གནས་མཇལ་བར་འོང་མི་ མི་བརྒྱ་ལས་བཅད་མི་ཚུ་གིས་ མཇལ་ཚུགས་ཡོདཔ་ཨིན་པས།
ཕྱག་ཐམ་དེ་ ལྷ་ཁང་གི་བར་ཐོག་ལུ་ཡོདཔ་ད་ གནས་དེ་ནང་ མཚམས་བཅད་དེ་ ལོ་༡༣ སོང་མི་ བསྟན་འཛིན་ཆོས་གྲགས་ཀྱིས་བཤད་མིའི་ནང་ ཕྱག་ཐམ་དེ་ གནས་སྒོ་ཨིནམ་ལས་ མ་འོངས་པ་ལུ་ གཏེར་ཚུ་ གནས་སྒོ་དེ་ནང་ལས་སྦེ་བཏོན་ནིའི་ ལུང་བསྟན་ཡོད་ཟེར་ཨིནམ་ད་ རྡོ་དེ་ནང་ གཏེར་གྱི་རིགས་ག་ར་ཚངམ་སྦེ་ཡོད་པའི་སྐོར་ལས་ གནས་ཡིག་ནང་ འཁོད་དེ་འདུག་ཟེར་ཨིན་པས།
ལྷ་ཁང་སྟེང་ཐོག་གི་ བྱག་ཕུག་གུ་ལུ་ དུང་དཀར་རང་བྱོན་ཟེར་ དུང་དཀར་གྱི་དབྱིབས་བཟུམ་སྦེ་མི་ རྡོ་ཅིག་ ག་ནི་བ་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་དོ་ཡོདཔ་ད་ དེའི་གཡོན་ཁ་ཐུག་ལུ་ གུ་རུ་རིན་པོ་ཆེའི་ཞབས་རྗེས་ཟེར་ མི་ཚུ་གིས་ ལེགས་ཤོམ་སྦེ་མཇལ་ཚུགས་ནིའི་དོན་ལུ་ ཞབས་རྗེས་ཀྱི་མཐའ་འཁོར་ཚུ་ དཀར་ར་བཏང་ནི་དེ་གིས་ ཐག་རིང་ས་ལས་ གསལ་ཏོག་ཏོ་སྦེ་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
ཐོག་ཚད་༣ འབད་མི་ ཆོས་ལོངས་སྤྲུལ་༣ གྱི་ཟངས་མདོག་དཔལ་རིའི་ ལྷ་ཁང་གི་ རྨང་གཞི་གཏིང་ས་དེ་ ལྷའི་དཔག་བསམ་ལྗོན་ཤིང་དང་ ཉི་ཟླ་ཨིན་ཟེར་བཤད་པའི་ཁར་ དེའི་འོག་ལུ་ཡོད་མི་ བྱག་དོང་ཡོད་མི་དེ་ ལས་སྒྲིབ་བཤུབ་ནིའི་གནས་རྡོ་ཨིནམ་ལས་ སྒྲིབ་བཤུབ་དགོ་པ་ཅིན་ ཚེ་ཐོག་མ་མེད་པ་ལས་བསགས་པའི་ ལས་ཀྱིས་རྣམ་པར་སྨིན་པའི་སྡིག་སྒྲིབ་ཚུ་དག་སྟེ་ ངན་སོང་༣ ལས་ འགྲོལ་ནིའི་ ནུས་པ་ཡོད་ཟེར་བཤདཔ་ཨིན་པས།
ལྷ་ཁང་གི་གདོང་ཕྱོགས་ལུ་ བྱག་སྦོམ་ཅིག་གུ་ལུ་ཡོད་མི་དེ་ ལྟུང་བཤགས་ལྷ་ཚོགས་ཨིན་ཟེར་ཨིནམ་ད་ བྱག་དེ་ སྦོམ་ཡོད་པའི་ཁར་ ཉིམ་ཤར་བའི་སྐབས་ འོད་ཆེམ་ཆེ་སྦེ་མཇལ་དོ་ཡོདཔ་མ་ཚད་ ལ་ལུ་རང་སོའི་ལས་འཕྲོ་དང་ ཚེ་སྔོན་གྱི་ ཚོགས་བསགས་སྒྲིབ་སྦྱང་དང་འཁྲིལ་ ལྷ་ཚོགས་ཚུ་དངོས་སུ་སྦེ་མཇལ་ཚུགས་པའི་ལོ་རྒྱུས་ཡང་ཡོདཔ་ཨིན་པས།
དེ་ལས་ ལྷ་ཁང་གི་འོག་ལས་ རི་ཅིག་ཡོད་མི་དེ་ གུ་རུ་རིན་པོ་ཆེ་ ཐུགས་དམ་གནང་སྟེ་བཞུགས་པའི་སྐབས་ མཁའ་འགྲོ་མ་ཚུ་གིས་ ཚོགས་ཕུལ་བའི་ མཎ༌ཌལ་མཚོ་འབོར་ཨིན་ཟེར་ཨིནམ་མ་ཚད་ ས་གནས་དེ་ཁའི་ཤིང་ཚུ་གིས་ཡང་ མཎ་ཌལ་ཕུལ་བའི་ཚུལ་ཟེར་ ཙན་དན་ཤིང་གི་རིགས་ག་ར་ གདོང་ལྷ་ཁང་ ཁ་ཐུག་ལུ་གཡོ་སྟེ་ཡོད་མི་དེ་ ག་ར་གིས་མཇལ་ཚུགས་དོ་ཡོདཔ་ཨིན་པས།
ལྷ་ཁང་གི་འོག་ལུ་ མི་ཊར་༡༠༠ དེ་ཅིག་གི་ས་ཁར་ བྱག་སྦོམ་ཅིག་ཡོད་སར་ གཏེར་སྟོན་རྡོ་རྗེ་གླིང་པ་གིས་ ངན་བསལ་སྐུ་མཆོག་གི་གསུང་རབ་དཔེ་ཆ་ གཏེར་ལུ་བཞེས་མི་བྱག་ཕུག་དེ་ བྱག་སྦོམ་ཅིག་གི་ཐོག་ལུ་ཡོདཔ་ད་ གནས་ཡིག་དང་འཁྲིལ་བ་ཅིན་ དེའི་ཉེ་འདབས་ལུ་ བླམ་ནམ་མཁའི་སྙིང་པོ་སྐུ་ཚེ་གོང་མ་ ཐུགས་དམ་གནང་བའི་བྱག་ཕུག་ཨིན་ཟེར་ཨིན་རུང་ ད་ལྟོ་ ངོས་འཛིན་འབད་མ་ཚུགས་ཟེར་ མཚམས་པ་བསྟན་འཛིན་ཆོས་གྲགས་ཀྱིས་ སླབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གནས་དེ་ནང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་ རིག་འཛིན་འཇིགས་མེད་གླིང་པ་ དེ་ལས་ གཏེར་སྟོན་པདྨ་གླིང་པ་ཚུ་གིས་ ཞབས་ཀྱིས་བཅགས་གནང་བའི་སྐོར་ལས་ ལོ་རྒྱུས་ཚུ་གནས་ཡིག་ནང་འདུག་ཟེར་ཨིན་པས།
སྦས་གླང་བྲག་གི་གནས་དེ་ སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གིས་ ངོས་འཛིན་གནང་ཡོདཔ་ད་ གནས་དེ་ནང་ དུས་རབས་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེ་གིས་ གཏེར་མང་རབས་ཅིག་སྦས་གནང་བའི་ཤུལ་ལས་ ས་གནས་དེའི་བཙན་ གླང་གི་གཟུགས་ལུ་ཡོད་མི་དེ་ གཏེར་བདག་སྦེ་ དམ་ལུ་བཏགས་གནང་མི་ལས་ རྟ་དྲངས་ཏེ་ གནས་དེའི་མིང་ སྦས་གླང་བྲག་ཟེར་ བཏགས་གནང་ཡོདཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment