གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱམས་པ་ལྷ་ཁང་བསྒྲུབས་ ད་རིས་འགྲོལ་ནི།

༡/༡༡/༢༠༡༢   ༉ ལོ་བསྟར་གནང་སྲོལ་ཡོད་མི་ བྱམས་པ་ལྷ་ཁང་བསྒྲུབས་ཀྱི་སྐབས་ལུ་ རྒྱལ་ཁབ་ཀྱི་ས་གནས་ཁག་གི་ ཚོང་པ་ཚུ་གིས་ ཚོང་འབྲེལ་ལེགས་ཤོམ་འགྱོ་བཏུབ་པའི་རེ་འདོད་བསྐྱེད་དེ་ ལྷ་ཁང་གི་བསྒྲུབས་སྐབས་ ག་དེ་སྦེ་རུང་ ལྷོདཔ་སྦེ་འོང་ནི་གི་ དཔའ་བཅམ་ཡོད་རུང་ ཁ་ཙ་ལས་མ་གཏོགས་ ཚོང་ཉོ་མི་ མང་སུ་མ་ཐོནམ་ཨིན་པས།
གཏེར་འཆམ་ཚུ་མཇལ་ནི་ལས་ ཚོང་བཤལ་རྐྱབ་ནི་ལུ་ ཤུགས་ཆེ་བའི་མཐོང་སྣང་།


བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཨོ་རོང་རྒེད་འོག་ལས་ སྐོར་ཚོང་རྐྱབ་སྡོད་མི་ ཨམ་ཅིག་གིས་ འདས་པའི་ལོ་ངོ་དག་པ་ཅིག་གི་རིང་ ལྷ་ཁང་གི་བསྒྲུབས་སྐབས་ འོང་ཡོདཔ་བཞིན་དུ་ དུས་ཅི་ཡང་ འོང་ཡི་ཟེར་ཨིན་པས།
མོ་གིས་ ཨ་ལུ་གི་རྩེད་ཆས་ཚུ་ བཙོང་པར་འབག་ཡོད་རུང་ ཚོང་ཆས་ཚུ་ ཁ་ཙ་ཚུན་ ཕུད་རྡོག་དག་པ་རེ་མ་གཏོགས་ བཙོང་མ་ཚུགས་ཟེར་ཨིན་རུང་ ཁ་ཙ་ལས་འགོ་བཙུགས་ ལེགས་ཤོམ་སྦེ་ བཙོང་ཚུགས་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ གོ་ལ་དང་ ཨ་ལུ་གི་གྱོན་ཆས་ཚུ་བཙོང་མི་ བུམ་ཐང་གཡུས་ཚན་ལས་ཨིན་མི་ ཚོང་དཔོན་ཨམ་ཅིག་གིས་ཡང་ ཁ་ཉིནམ་ཉིན་མར་ ཚོང་ཉོ་མི་ཕུད་རྡོག་གཅིག་ཡང་ མ་ལྷོད་ཟེར་ཨིནམ་ད་ ཁ་ཙ་ལས་ཚུར་ ཨ་ཙི་དྲག་པས་ཟེར་ཨིན་པས།
མོང་སྒར་ལས་ འབགཔ་དང་རོལམོ་ དེ་ལས་ གཞན་མཆོད་ཆས་ཀྱི་རིགས་ཚུ་བཙོང་པར་འོང་མི་ ཕོ་སྐྱེས་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཆང་འདེགས་ནིའི་ པ་ལང་དག་པ་ཅིག་ བཙོང་ཚུགས་ཅི་ཟེར་ཨིནམ་ད་ ད་རིས་ བསྒྲུབས་ཀྱི་ཉིནམ་མཇུག་ནང་ མང་སུ་བཙོང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཚོང་པ་མང་ཤོས་ཅིག་གིས་ ཁ་ཉིནམ་ རྫོང་ཁག་ངལ་གསོ་མེདཔ་ལས་ ཞི་གཡོགཔ་ཚུ་ རང་སོའི་ཡིག་ཚང་དང་ ཨ་ལུ་ཚུ་ སློབ་གྲྭ་ནང་ འགྱོ་དགོ་ནི་དེ་གིས་ ཚོང་ཉོ་བར་འོང་མི་ ལེ་ཤ་མིན་འདུག་ཟེར་ཨིནམ་ད་ རྫོང་ཁག་ནང་ ཁ་ཙ་ལས་ ད་རིས་ཚུན་ ངལ་གསོ་བཞག་ནི་དེ་གིས་ ཚོང་མགྲོན་པ་འོང་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
བུམ་ཐང་ལུ་ཡོངས་གྲགས་ཅན་གྱི་ ཚེས་བཅུ་ཡོད་མི་ཚུ་གི་གྲས་ལས་ ལྷ་ཁང་གི་བསྒྲུབས་དེ་ མཇུག་ཨིནམ་ལས་ ལྟ་བཤལཔ་ཡང་ ལེ་ཤ་འཛོམས་ཡོདཔ་ཨིན་པས།
ལྷ་ཁང་བསྒྲུབས་ཀྱི་སྐབས་ལུ་ ལོ་བསྟར་བཞིན་དེ་ ལྷ་ཁང་གི་ཟུར་ཁ་ཡོད་མི་ ཀྲོང་གསར་གྲྭ་ཚང་གི་ ས་ཆ་ཨེ་ཀར་དག་པ་ཅིག་ཡོད་མི་དེ་ གླ་ཁར་བཏང་དོ་ཡོདཔ་ཨིན་པས།
ས་ཆ་བགོ་བཀྲམ་ནང་འབྲེལ་གཏོགས་འབད་མི་ ཆོས་སྐྱིད་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོང་པ་བསྡོམས་ཀྱིས་༡༢༠ དེ་ཅིག་ལུ་ ས་ཆ་བགོ་བཀྲམ་འབད་བྱིན་མི་ཚུ་ལས་ ཚོང་ཁང་གི་དབྱེ་བ་དང་འཁྲིལ་ཏེ་ གླ་འཐུས་ཚུ་ལེན་མི་དེ་གིས་ ལྷ་ཁང་གི་དོན་ལུ་ ལག་ལེན་འཐབ་ཨིན་ཟེར་ཨིན་པས།
གོ་ལ་གི་རིགས་བཙོང་མི་ཚུ་གིས་ ཉིནམ་བཞི་གི་རིང་ལུ་ གླ་འཐུས་ དངུལ་ཀྲམ་༡,༥༠༠ དང་ བཟའ་ཁང་བཙུགས་མི་ཚུ་ལུ་ དངུལ་ཀྲམ་༢,༠༠༠ ལག་བཟོ་གི་ཚོང་ཁང་བཙུགས་མི་ཚུ་ལུ་ དངུལ་ཀྲམ་༢,༤༠༠ དང་ རྩེདམོ་གི་རིགས་བཙུགས་མི་ཚུ་ལུ་ དངུལ་ཀྲམ་༢,༠༠༠ རེ་ ལེན་དོ་ཡོདཔ་ཨིན་རུང་ ཤོ་ཏ་ཟེ་ཚུ་ བཙུགས་མི་ཆོགཔ་ཨིན་པས།
ཉིན་གྲངས་བཞི་གི་རིང་ འགོ་འདྲེན་འཐབ་མི་ ལོ་བསྟར་བྱམས་པ་ལྷ་ཁང་བསྒྲུབས་དེ་ ད་རིས་ འགྲོལ་ནི་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment