གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལ་དྭགས་ལུ་ ནང་རྟེན་རྩ་ཅན་༣ མཇལ་ཁ་གནང་ཡོདཔ།

༡/༡༡/༢༠༡༢   ༉ ད་རེས་ནངས་པ་ རྒྱ་གར་གྱི་མངའ་སྡེ་ ལ་དྭགས་ལུ་ ཧེ་མིསི་ལྷ་ཁང་ནང་ དོན་བརྒྱུད་དཔལ་ལྡན་འབྲུག་པའི་ ཚོགས་ཐེངས་༤ པ་ འཚོགས་པའི་བསྒང་ཡོད་མི་དང་འཁྲིལ་ ཁ་ཙ་ དད་ཅན་ཚུ་ལུ་ ལ་དྭགས་ཀྱི་ དགོན་པ་ཚུ་ནང་ཡོད་པའི་ ནང་རྟེན་རྩ་ཅན་༣ མཇལ་ཁ་གནང་ཡོདཔ་ཨིན་པས།
ནང་རྟེན་རྩ་ཅན་ཚུ་ མཇལ་ཁ་གནང་ནིའི་དོན་ལུ་ ལྷ་ཁང་ནང་ལས་ གདན་འདྲེན་ཞུ་བའི་བསྒང་།

ཧེ་མེསི་ལྷ་ཁང་གི་ རྡོ་གཅལ་ནང་ ཞྭ་ནག་འཆམ་རྐྱབ་པའི་བསྒང་།

དེ་ཡང་ ཧེ་མེསི་ལྷ་ཁང་གི་ནང་རྟེན་ རྩ་ཆེ་ཤོས་ཅིག་ཨིན་མི་ རྡོ་རྗེ་ཕུར་པ་གོ་ཁྲབ་མ་དང་ མངའ་སྡེའི་ས་གནས་ བྱང་ཐང་མཚོ་མོ་རི་རི་ལུ་ཡོད་པའི་ སྐོར་རྫོགས་ལྷ་ཁང་གི་ནང་རྟེན་ རྡོ་རྗེ་སེམས་དཔའི་སྐུ་འདྲ་ དེ་ལས་ རྒྱལ་དབང་འབྲུག་པ་ཁོ་རའི་ སྐུ་སྒེར་ནང་རྟེན་ རྗེ་བཙུན་མི་ལ་རས་པའི་ དབུ་སྐྲ་རང་བྱོན་མའི་ སྐུ་འདྲ་ཚུ་ཨིན་པས།
ཁམས་སྤྲུལ་རིན་པོ་ཆེ་ འཇིགས་མེད་པདྨ་ཉིན་འབྱེད་ཀྱིས་ སླབ་མིའི་ནང་ མ་གཞི་ ད་ལྟོ་ཚུན་ ནང་རྟེན་ཚུ་ མི་མང་ལུ་ མཇལ་ཁ་གནང་ནི་མེདཔ་ལས་ དུས་ཅི་ འགོ་དང་པ་ཨིནམ་ད་ ནང་རྟེན་ཚུ་ སྨོན་ལམ་གང་བཏབ་འགྲུབ་ཨིན་ཟེར་ཨིན་པས།
རིང་ཚད་ཨིན་ཅི་༣༡ དེ་ཅིག་འབད་མི་ རྡོ་རྗེ་ཕུར་པ་གོ་ཁྲབ་མ་དེ་ ལོ་ངོ་༥༠༠ དེ་ཅིག་ ལང་ཡོདཔ་ད་ ཕུར་པ་དེ་གིས་ རང་གི་ བགེགས་རྐྱེན་བར་ཆད་ཚུ་ བཟློག་ཚུགས་པའི་ ནུས་པ་ཡོདཔ་ཨིན་རུང་ ག་གིས་བཞེངས་བཞེངསམ་ཨིན་ནའི་སྐོར་ལས་ སླབ་ནི་མེདཔ་ཨིན་པས།
ཕུར་པ་དེ་ལུ་ ལྕགས་ཀྱིས་བཟོ་མི་ གཤོག་སྒྲོ་ཚུ་ཡང་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཕུར་པ་དེ་གིས་ འཕུར་བྱོན་ཏེ་ ས་ཁོངས་ཅིག་ནང་ མི་བཞུགས་དོ་ཡོདཔ་ལས་ ད་རེས་ རྡོ་རྗེ་དེ་ མཇལ་བའི་སྐབས་ལུ་ བརྡུང་བརྡུངམ་གྱི་ཤུལ་ཚུ་ མཇལ་ཚུགསཔ་ཨིན་པས།
དེ་བཟུམ་སྦེ་ ལོ་ངོ་༡༠༠༠ དེ་ཅིག་ལང་བའི་ཁར་ རིང་ཚད་ཨིན་ཅི་༣༡ དེ་ཅིག་འབད་མི་ རྡོ་རྗེ་སེམས་དཔའི་སྐུ་འདྲ་དེ་ གུ་རུ་རིན་པོ་ཆེ་ ཁོ་རའི་ཕྱག་བཟོ་ཨིནམ་ད་ དེ་ནང་ གུ་རུ་རིན་པོ་ཆེ་ཁོ་རའི་ སྐུ་འདྲ་ཆུང་ཀུ་ཅིག་ ཡེ་ཤེས་སེམས་དཔའ་སྦེ་ བཙུགས་ཏེ་ཡོདཔ་ཨིན་པས།
ཁམས་སྤྲུལ་རིན་པོ་ཆེ་གིས་ བཤད་མིའི་ནང་ སྐུ་འདྲའི་ནང་ན་ ཡེ་ཤེས་སེམས་དཔའ་སྦེ་བཙུགས་མི་ གུ་རུ་ཁོ་རའི་ སྐུ་འདྲ་ཆུང་ཀུ་དེ་ ས་ཁོངས་ཅིག་ནང་མེན་པར་ སྤོ་ཡི་ར་བྱོན་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
དེ་ལས་ རྗེ་བཙུན་མི་ལ་རས་པའི་ སྐུ་འདྲ་དེ་ མི་ལ་རས་པ་ཁོ་རའི་སྲིངམོ་ དཔེ་བལྟ་དགོན་སྐྱིད་ཀྱིས་ བཞེངས་ཡོདཔ་ད་ རིང་ཚད་ཨིན་ཅི་༤ དེ་ཅིག་འབད་བའི་ སྐུ་འདྲ་དེ་གི་དབུ་ལས་ དབུ་སྐྲ་ཚུ་ རང་བཞིན་གྱིས་བྱོན་ཏེ་ ལོག་བུད་འགྱོ་དོ་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
ཁམས་སྤྲུལ་རིན་པོ་ཆེ་གིས་འབད་བ་ཅིན་ མ་གཞི་ ནང་རྟེན་ཚུ་ མི་མང་ལུ་ མཇལ་ཁ་གནང་ནི་མེནཔ་ཅི་ཨིན་རུང་ དུས་ཅི་ མཇལ་ཁ་གནང་དགོ་མི་དེ་ཡང་ རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༢༩ གི་ནུབ་མོ་ འབྲུག་པའི་སྤྲོ་སྟོན་སྡེ་ཚན་གྱིས་ ལ་དྭགས་ལུ་བཟོ་མི་ འབྲུག་པའི་གློག་བརྙན་ ས་དང་གནམ་ཟེར་མི་དེ་ སྟོན་ཡོདཔ་མ་ཚད་ རང་ལུགས་ཀྱི་ སྤྲོ་སྟོན་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་པའི་སྐབས་ ལ་དྭགས་ཀྱི་མི་ཚུ་ ཆོས་ཁང་ནང་ལྟེམ་ལྟེ་སྦེ་ སྤུངས་འཛོམས་འབད་ཡི།
ས་དང་གནམ་ཟེར་མི་ གློག་བརྙན་དེ་ནང་ ལ་དྭགས་ཀྱི་ཁ་སྐད་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment