གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་ལས་འགལ་བའི་ལཱ་ འབད་འབདཝ་མེདཔ་སྦེ་ གྲོས་ཐག་བཅད་ཡོདཔ།

༡༠/༡༡/༢༠༡༢   ༉ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་ནང་ལས་ གནས་ཚུལ་གསར་བཏོན་ཅིག་ ལྷོད་མི་དང་འཁྲིལཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དབྱེ་ཞིབ་དང་ བསམ་སྤྱོད་ལེགས་ཤོམ་འབད་བའི་ཤུལ་ལུ་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་གྱི་གནད་དོན་ནང་ ཁྲིམས་ལས་འགལ་བའི་ལཱ་ ག་ཅི་ཡང་ འབད་འབདཝ་མེདཔ་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།


དེ་ལུ་ དབྱེ་ཞིབ་ཚུ་ མཐིལ་ཕྱིན་འབད་བའི་ཤུལ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གནད་དོན་དེ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཙུགས་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གནད་དོན་དེ་ནང་ ཚུལ་མིན་ཐོག་ལས་ ས་ཆ་འཕྱོག་པའི་ གནད་དོན་ཡང་མེདཔ་ད་ རྒྱལ་པོའི་ཞིང་གི་ས་ཁོངས་དེ་ ཁྲོམ་ས་ངོས་འཛིན་མ་འབད་བའི་ཧེ་མ་ལས་ ལས་འགུལ་ནང་ཚུད་མི་ སའི་ཇོ་བདག་ཚུ་ལུ་ ས་ཚབ་དང་ དངུལ་རྐྱང་གི་རྒུད་འཐུས་ཚུ་ ཀུ་རི་ཆུ་གློག་མེ་ལས་འགུལ་གྱི་ཁ་ཐུག་ལས་ སྤྲོད་ཡོདཔ་སྦེ་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ས་ཆ་མཁོ་འདོད་བཀོད་ནི་དེ་ འབྲུག་མི་ག་ར་གི་ དབང་ཆ་ཨིནམ་བཞིན་དུ་ ཁྲོམ་ས་བགོ་བཀྲམ་གྱི་ ལམ་ལུགས་དེ་ནང་ དབང་ཚད་ལོག་སྤྱོད་འབད་བའི་གནད་དོན་ཚུ་ ག་ཅི་ཡང་མེདཔ་སྦེ་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་འཆར་བཀོད་མིའི་ནང་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་ལམ་ལུགས་དེ་ ད་ལྟོ་ ལག་ལེན་འཐབ་བཞིན་དུ་ཡོད་མི་དང་ གཞན་མི་ཁྲིམས་ལུགས་ཚུ་གི་ དགོངས་དོན་དང་འཁྲིལ་ཏེ་ འགོ་འདྲེན་འཐབ་ཡོདཔ་ལས་ དེ་ནང་ ངན་ལྷད་ཀྱི་ལཱ་བྱ་ ག་ཅི་ཡང་མེདཔ་སྦེ་བཀོད་ནུག།
ཨིན་རུང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གིས་ ལམ་ལུགས་དེ་གི་ བྱ་སྒོ་དང་ ཁྲིམས་ལུགས་ཚུ་ དམ་དམ་སྦེ་ ལག་ལེན་མ་འཐབ་ནི་དེ་གིས་ བྱ་སྒོ་དང་ ཀུན་སྤྱོད་ཀྱི་ཐད་ལུ་ དུམ་གྲ་ཅིག་ འཐུས་ཤོར་འབྱུང་སྲིད་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་ གསལ་བཀོད་འབད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ས་ཆ་བགོ་བཀྲམ་ཚོགས་ཆུང་དང་ ཁྲི་འཛིན་ལུ་ འཛིན་སྐྱོང་གི་ངོས་ལེན་འབད་དགོ་པའི་ རྒྱབ་སྣོན་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ གནད་དོན་དེ་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་གི་ཧེ་མར་ ལམ་ལུགས་སོ་སོའི་ཐོག་ལས་ བྱུང་བྱུངམ་འབད་ནི་དེ་གིས་  ཚོགས་ཆུང་གི་འཐུས་མི་ མང་ཤོས་ཅིག་ར་ ད་རེས་ གཞུང་གཡོག་ནང་མེདཔ་ད་ དེ་ལས་ ད་རེས་ཀྱི་གཞུང་གི་ དམིགས་དོན་གཙོ་བོ་ར་ གཞུང་གིས་ གཞུང་སྐྱོང་གི་རིང་ལུ་དང་ མ་འོངས་པར་ ངན་ལྷད་ཀྱི་ལཱ་ཚུ་ བཀག་ནིའི་དོན་ལུ་ རྐྱངམ་གཅིག་འབད་ནི་དེ་གིས་ འཛིན་སྐྱོང་གི་ངོས་ལེན་ལུ་ཡང་ འོས་འབབ་མེདཔ་སྦེ་བཀོད་ནུག།
གནས་ཚུལ་གསར་བཏོན་ནང་ གོང་ལུ་བཀོད་པའི་ དོན་ཚན་ཚུ་ལུ་ གཞི་བཞག་ཐོག་ལས་ གནད་དོན་དེ་ དྲང་བདེན་དང་ འོས་འབབ་ལྡན་ཏོག་ཏོ་སྦེ་ གྲོས་ཐག་བཅད་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གྲོས་བསྡུར་གནང་ཐོག་ལས་ གྲུབ་འབྲས་ཚུ་ བཏོན་ཡོདཔ་ཨིན་པས།
གྲུབ་འབྲས་ཚུ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབད་ཡོད་མི་ལཱ་ཚུ་ལུ་ ངལ་རངས་ཀྱི་དོན་ལུ་ བློན་ཆེན་དང་ གནད་དོན་དེ་ནང་ འབྲེལ་བ་ཡོད་མི་ བློན་པོ་གཞན་ཚུ་གིས་ ཁོང་རའི་ མིང་ཐོ་ལུ་བཀོད་མི་དང་ ཁོང་རའི་ ཉེ་ཚན་ཚུ་གི་མིང་ཐོ་ལུ་ བཀོད་ཡོད་པའི་གཞུང་ས་ཚུ་ གཞུང་ལུ་ ལོག་སྤྲོད་ནི་ཨིན་པས།
དེ་ལས་ ཚོགས་ཆུང་ཚུ་གི་ ཁྲི་འཛིན་ཚུ་གིས་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ རྒྱབ་སྣོན་འབད་མི་དང་འཁྲིལ་ གལ་སྲིད་ ཁོང་རའི་ མི་ཚན་ཚུ་གི་མིང་ཐོ་ལུ་ ས་ཆ་ཚུ་བཀོད་དེ་ཡོད་པ་ཅིན་ གཞུང་ལུ་ ལོག་སྤྲོད་ནི་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ ཁྲོམ་ས་བགོ་བཀྲམ་ལམ་ལུགས་ནང་ ཁྲིམས་ལས་འགལ་བའི་ལཱ་བྱ་ཚུ་ ག་ཅི་ཡང་ འབད་འབདཝ་མེདཔ་ལས་ ས་ཆ་ཐོབ་མི་ གཞན་ཚུ་གིས་ ས་ཆ་ཚུ་ གཞུང་ལུ་ ལོག་སྤྲོད་མ་དགོཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༨ ལུ་ གཞུང་དང་ བརྡ་བརྒྱུད་ཀྱི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་འཇིགས་མེད་འཕྲིན་ལས་ཀྱིས་ རྒྱལ་པོའི་ཞིང་གི་ས་ཆ་དེ་ ཧེ་མ་ ཀུ་རི་ཆུ་གློག་མེ་ལས་འགུལ་གྱིས་ མཁོ་སྒྲུབ་འབད་བའི་སྐབས་ ས་ཁོངས་དེ་ནང་ བྱེམ་ཚུ་ཡོདཔ་ལས་ མང་ཤོས་ཅིག་ར་ བཟའ་སྤྱོད་མ་འབད་བར་ བཞག་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མ་ཁོ་ར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ རྫོང་བདག་སྦེ་སྡོད་པའི་སྐབས་ ཁོ་རའི་ འགོ་འདྲེན་ཐོག་ལས་ རྒྱལ་པོའི་ཞིང་ལུ་ ད་རེས་ཡོད་པའི་སྒར་ཚུ་ རྐྱབ་ཐོག་ལས་ གཡུས་མི་༧,༠༠༠ དེ་ཅིག་ལུ་ ཞི་བའི་དམག་སྦྱོང་བྱིན་ཡོདཔ་ད་ དེ་བསྒང་ ས་ཁོངས་དེ་ནང་སྡོད་མི་ ག་ཡང་མ་མཐོང་ཟེར་ཨིན་པས།
དེ་མ་ཚད་ སྒར་དེ་ཚུ་རྐྱབ་པའི་སྐབས་ ས་ཁོངས་དེ་ ངེ་གི་ཨིན་ཟེར་སླབ་མི་ མི་ཕུད་རྡོག་གཅིག་ཡང་ མ་ཐོན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཀུ་རི་ཆུ་གློག་མེ་ལས་འགུལ་གྱིས་ གཙང་ཆུའི་ཕྱོགས་༢ ཆ་ར་ལས་ སྒེར་སའི་ཇོ་བདག་ཚུ་ལས་ ས་མཁོ་སྒྲུབ་འབད་མི་དང་ གཞུང་ས་ཚུ་རྩིསཝ་ད་ ས་ཆ་ཨེ་ཀར་༢༠༠ དེ་ཅིག་ ལེན་ཡོདཔ་ད་ དེ་བསྒང་ ཁྲིམས་མཐུན་གྱི་ སའི་ཇོ་བདག་ཚུ་ལུ་ ས་ཚབ་དགོ་ནི་ཨིན་ན་ ཡང་ཅིན་ དངུལ་རྐྱང་གི་རྒུད་འཐུས་དགོ་ནི་ཨིན་ནའི་ གདམ་ཁ་ཚུ་ བྱིན་ནུག་ཟེར་ཨིན་པས།
དེ་བསྒང་ སའི་ཇོ་བདག་ཚུ་གིས་ གཞུང་གིས་ ག་དེ་སྦེ་འབད་རུང་ བཏུབ་སྦེ་སླབ་ཡོདཔ་མ་ཚད་ ལས་འགུལ་གྱིས་ གནོད་སྐྱོན་བྱུང་མི་ཚུ་ལུ་ ཐ་ན་ གྱང་ས་ཅིག་ལས་འགོ་བཟུང་སྟེ་ རྒུད་འཐུས་ཚུ་ སྤྲོད་ནུག་ཟེར་ཨིནམ་ད་ སའི་ཇོ་བདག་ལ་ལུ་ཅིག་གིས་ ས་ཚབ་ཚར་༢ རེ་ཡང་ ལེན་ནུག་ཟེར་ བློན་ཆེན་གྱིས་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ས་ཆ་ཚུ་ ལས་འགུལ་གྱིས་ མཁོ་སྒྲུབ་འབད་དེ་ ཤུལ་ལས་ ཁྲོམ་གཞི་བཙུགས་འབད་ནི་སྦེ་ གྲོས་ཐག་བཅད་པའི་སྐབས་ལུ་ཡང་ བྱ་སྟབས་མ་བདེ་བའི་གནད་དོན་ཚུ་ ག་ཅི་ཡང་མ་ཐོནམ་ལས་ དེ་བཟུམ་མའི་ གནད་དོན་ཚུ་ལུ་བརྟེན་ གཞུང་དང་ བློན་ཆེན་ དེ་ལས་ བློན་པོ་ཚུ་ལུ་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ བྱུངམ་མས་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།



No comments:

Post a Comment