གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་ཤུགས་དང་ ཚོང་འབྲེལ་ འཁོར་ལམ་ཚུ་ ལེགས་ལྡན་བཟོ་ནིའི་འཆར་གཞི།

༡༠/༡༡/༢༠༡༢    ༉ ཁ་ཙ་ བསྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་བསོད་ནམས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ལུ་ ཐའི་ལེནཌི་གི་རྒྱལ་ས་ བེང་ཀོག་ལུ་སྦེ་ རྒྱ་གར་དང་ འབྲུག་ ནེ་པཱལ་ དེ་ལས་ བང་ལ་དེཤ་རྒྱལ་ཁབ་ཚུ་གི་བར་ན་ ལྷོ་ཨེ་ཤི་ཡ་གླིང་ཕྲན་ལུང་ཕྱོགས་ཀྱི་ དཔལ་འབྱོར་མཐུན་འབྲེལ་ཞལ་འཛོམས་འཚོགས་པའི་སྐབས་ ཤྲི་ལངྐའི་རྒྱལ་ཁབ་ཡང་ འཐུས་མིའི་གྲལ་ཁར་ འཛུལ་ཞུགས་འབད་ཡོདཔ་ལས་ དེ་གིས་ ཕན་ཚུན་རྒྱལ་ཁབ་ཚུ་གི་བར་ན་ གློག་ཤུགས་དང་ ཚོང་འབྲེལ་ དེ་ལས་ འཁོར་ལམ་ཚུ་ ལེགས་ལྡན་བཟོ་ནིའི་འཆར་གཞི་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ ཡོད་ཟེར་ཨིན་པས།


ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གི་ རྒྱབ་སྐྱོར་ཐོག་ལས་ རྒྱལ་ཁབ་ཚུ་གི་བར་ན་ མཐུན་ལམ་ཡར་དྲག་གཏང་ནི་དང་ མི་སྟོབས་གོང་འཕེལ་གཏང་ནི་ གླིང་ཕྲན་ལུང་ཕྱོགས་བར་ནའི་ ནུས་ཤུགས་ཁྱབ་སྤེལ་འབད་ནི་ དེ་ལས་ གློག་ཐག་བཀྲམ་སྤེལ་འབད་ནི་ཨིན་པས།
ཇཱོན་ མེ་རཱན་ཌ་གིས་ སླབ་མི་དང་འཁྲིལཝ་ད་ ནུས་ཤུགས་ལས་སྡེ་ལུ་བརྟེན་ རྒྱལ་ཁབ་ཚུ་གི་བར་ན་ མཐུན་ལམ་དམ་ཟབ་དང་ འཆར་གཞི་གོང་འཕེལ་གྱི་ལཱ་དང་ལས་རིམ་ཚུ་ལུ་ ཕན་ཐོགས་པའི་ཁར་ རྒྱལ་ཁབ་ཚུ་ནང་ དཔལ་འབྱོར་ཡར་དྲག་གཏང་ནི་དང་ འོང་འབབ་བཟོ་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ གསུངས་མིའི་ནང་ དགོས་མཁོ་དང་ལྡན་པའི་ཁར་ བློ་གཏད་ཚུགསཔ་ དེ་ལས་ ཟད་འགྲོ་གཏང་ཚུགས་པའི་ ནུས་ཤུགས་ཀྱིས་ དབུལ་ཕོངས་ཀྱི་དཀའ་ངལ་ བསལ་ནི་དང་ དཔལ་འབྱོར་གོང་འཕེལ་གཏང་ཚུགསཔ་ལས་ ལག་ལེན་འཐབ་ནི་ལུ་ གཙོ་བོར་བཟུང་དགོ་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ གློག་ཤུགས་མེ་ག་ཝཱཊ་༣༠,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་མ་ཚད་ གློག་མེའི་ནུས་ཤུགས་ཀྱིས་ རྒྱལ་ཁབ་ནང་ སྔར་ལས་ལྷག་པའི་ དཔལ་འབྱོར་གོང་འཕེལ་གཏང་ཚུགས་པའི་ཁར་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ཡང་ སྤྲོད་ཚུགས་ཏེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༢༠ ནང་འཁོད་ལུ་ གློག་མེ་ལས་འགུལ་༡༠ ལས་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་ཚུགས་ནི་ཨིན་མི་ལས་ མེ་ག་ཝཱཊ་༣,༠༠༠ འབད་མི་ ལས་འགུལ་༣ བཟོ་སྐྲུན་གྱི་ལཱ་འབད་བའི་བསྒང་ཡོདཔ་ད་ གཞན་མི་ལས་འགུལ་ཚུ་ སྤྱི་ལོ་༢༠༡༣ ལུ་ འགོ་བཙུགས་འོང་ཟེར་ བསྟན་རྒྱས་བློན་པོ་མཁའ་འགྲོ་དབང་ཕྱུག་གིས་གསུངས་ཡི།
དེ་བཟུམ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ ལུང་ཕྱོགས་ནང་འཁོད་ཀྱི་ ཚོང་འབྲེལ་དེ་ ཡར་དྲག་གཏང་ཚུགས་ནི་ཨིན་མི་དེ་ཡང་ ཕུན་ཚོགས་གླིང་དེ་ རྒྱ་གར་གཞུང་གི་ ཀུཆ་བི་ཧར་མངའ་སྡེ་ བུ་རི་མ་རི་ལས་ སྤུས་ཚད་དང་ལྡན་པའི་ ཚོང་འབྲེལ་འཁོར་ལམ་ བཏོན་ནི་ཨིན་མི་ལུ་བརྟེན་ཨིན་པས།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ ཐིམ་ཕུ་ཏཱཇ་ཟ་ཁང་གི་ གྲོས་ཚོགས་ཁང་ནང་སྦེ་ ལྷོ་ཨེ་ཤི་ཡ་གླིང་ཕྲན་ལུང་ཕྱོགས་ཀྱི་ དཔལ་འབྱོར་མཐུན་འབྲེལ་ཞལ་འཛོམས་ནང་ རྒྱ་གར་གཞུང་གི་ འཐུས་ཚབ་ཚུ་གིས་ ཀི་ལོ་མི་ཊར་༡༡༠ འབད་མི་ འཁོར་ལམ་དེ་ མཐུད་སྦྲེལ་འབད་ནི་ཨིནམ་མ་ཚད་ ཅ་དམ་ཡིག་ཚང་ཡང་ ས་མཚམས་ཁྲོམ་སྡེ་ ཇའི་གང་ལུ་ བཟོ་སྐྲུན་འབད་ནི་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།
རྒྱ་གར་གྱི་ བསྟན་རྒྱས་ལས་ཁུངས་ལས་ མཉམ་འབྲེལ་དྲུང་ཆེན་ པ་རཱ་བུཌ་ ས་སི་ན་གིས་ སླབ་མི་འཁྲིལཝ་ད་ ནུབ་བེང་གཱལ་གཞུང་གིས་ སྔོན་འགྲོའི་ བཟོ་བཀོད་འཁོར་ལམ་ཆུང་བ་དེ་ མཐུད་སྦྲེལ་འབད་ནིའི་ ལས་འགུལ་ཡོདཔ་ད་ སྣུམ་འཁོར་ལམ་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཡོད་པ་ཅིན་ འགྲུལ་འཁོར་ལམ་༤ སྦེ་ བཟོ་སྐྲུན་འབད་ནི་ཨིན་མི་དེ་ སྤྱི་ལོ་༢༠༡༤ གི་ ཟླཝ་༢ པའི་ནང་ལས་ ལཱ་འགོ་བཙུགས་འོང་ཟེར་ཨིན་པས།
ཨིན་རུང་ ཚོང་འབྲེལ་གྱི་ལཱ་འབདཝ་ད་དང་ ཚོང་འབྲེལ་གྱི་ སྣུམ་འཁོར་ལམ་བཏོན་པའི་སྐབས་ ཉོགས་བཤད་མེད་པའི་ཡིག་ཆ་ཚུ་ ཧིང་སངས་ས་བཟོ་དགོ་ཟེར་ཨིནམ་ད་ ལས་འགུལ་དེ་གི་སྐོར་ལས་ ཁ་གསལ་སྦེ་ འཕྲལ་མགྱོགས་ར་ ལཱ་འབད་ཚར་འོང་ཟེར་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
ལྷོ་ཨེ་ཤི་ཡ་ གླིང་ཕྲན་ལུང་ཕྱོགས་ཀྱི་ དཔལ་འབྱོར་མཐུན་ཚོགས་དེ་ནང་ བརྒྱ་༩༠ ལྷགཔ་ཅིག་ ཅ་དོས་ཚུ་ ཕུན་ཚོགས་གླིང་གི་ སྒོ་ར་ཁ་ལས་ སྐྱེལ་འདྲེན་འབད་དོ་ཡོདཔ་ད་ རྒྱ་གར་ལས་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་ཚུན་གྱི་ ཟུར་ལམ་བརྒྱུད་དེ་ འགྲོ་འགྲུལ་འབད་དོ་ཡོདཔ་ལས་ ད་རེས་ཀྱི་ ལས་འགུལ་དང་འཁྲིལ་ དཔག་བསམ་ཁ་ལུ་ ཅ་དམ་ཡིག་ཚང་ལྟེ་བ་ཅིག་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱ་གར་ལས་ དཔག་བསམ་ཁ་ཚུན་ འཁོར་ལམ་བཏོན་ནིའི་དོན་ལུ་ ཞིབ་དཔྱད་ཚུ་ སྤྱི་ལོ་༢༠༡༢ རྫོགསཔ་ཅིག་ འགོ་བཙུགས་ནི་ཨིནམ་ད་ མ་དངུལ་ཚུ་ཡང་ ག་དེ་སྦེ་ བཞག་ནི་ཨིན་ན་ ཤེས་ཚུགས་ཟེར་ཨིན་པས།
ལྷོ་ཨེ་ཤེ་ཡ་ལུ་ ནང་འཁོད་ལུང་ཕྱོགས་ཚོང་འབྲེལ་འཐབ་མི་དེ་ ད་ལྟོ་ བརྒྱ་ཆ་༥ ལས་ མ་འབད་བར་ཡོདཔ་ལས་ འཛམ་གླིང་ནང་གི་ གནས་ཚད་ལུ་བལྟ་བ་ཅིན་ སེམས་ཕམ་བྱུང་མི་དེ་ དཔལ་འབྱོར་གྱི་སྐོར་ ཁྱིམ་ཚང་རྒྱལ་ཁབ་ཚུ་གི་བར་ན་ ཕན་ཚུན་འབྲེལ་བ་ལེགས་ཤོམ་མ་འཐབ་པས་ཟེར་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ འགོ་འབྱེད་རྟེན་འབྲེལ་ནང་གསུངས་ཡི།
དངུལ་རྩིས་དྲུང་ཆེན་ བླམ་རྡོ་རྗེ་གིས་འབད་བ་ཅིན་ ཚོང་འབྲེལ་ཕན་བདེའི་འོག་ལུ་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གི་ རྒྱབ་སྐྱོར་ཐོག་ལས་ ཚོང་འབྲེལ་གྱི་ འཁོར་ལམ་ཚུ་ རྒྱ་བསྐྱེད་འབད་བའི་ཁར་ ཟུར་ལམ་ཚུ་ བཏོན་དོ་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་དང་ བེང་གཱལ་གཉིས་ཀྱི་དོན་ལུ་ མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༡༠ བཞག་སྟེ་ཡོད་ཟེར་ཨིན་པས།
ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གི་ ཡོངས་ཁྱབ་མདོ་ཆེན་ ཇཱོན་ མི་རཱན་ཌ་གིས་ སླབ་མི་དང་འཁྲིལཝ་ད་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ཚོང་འབྲེལ་ཚོགས་སྡེ་ནང་ དུས་ཡུན་ཆུང་ཀུ་ཅིག་ནང་ གློག་ཤུགས་ཡར་སེང་སོང་ནུག་ཟེར་ཨིནམ་ད་ ལོ་༣ ནང་ གློག་མེ་ལས་འགུལ་༡༡ དང་ ལུང་ཕྱོགས་ནང་འཁོད་ཀྱི་ ཚོང་འབྲེལ་འགྲུལ་ལམ་དོན་ལུ་ མ་དངུལ་ཡུ་ཨེསི་ཌོ་ལར་ དུང་ཕྱུར་༡.༥ བཞག་ཡི་ཟེར་ཨིན་པས།
ཉིན་གྲངས་༢ འབད་མི་ ཞལ་འཛོམས་དེ་ ཁ་ཙ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment