གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་གྲུའི་ཐང་སྤོ་བཤུད་འབད་རུང་ དམག་སྡེ་དང་ཁྲིམས་སྲུང་གི་ཡིག་ཚང་ཚུ་ དེ་ཁ་ར་བཞག་ནི།

༡༠/༡༡/༢༠༡༢   ༉ གནམ་གྲུའི་ཐང་དེ་ སྤོ་བཤུད་འབད་ནི་ཨིན་རུང་ འབྲུག་རྒྱལ་གཞུང་དམག་སྡེ་དང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ཨིམ་ཊཱཊ་གི་ཡིག་ཚང་ལྟེ་བ་ཚུ་ ས་ཁོངས་གཞན་ཁར་ སྤོ་བཤུད་མི་འབད་ཟེར་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ བརྡ་བརྒྱུད་ཀྱི་ཞལ་འཛོམས་ནང་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ གསུངསམ་ཨིན་པས།


དེ་ཡང་ ལུང་བསྟན་ཕུག་གནམ་གྲུ་ཐང་དེ་ འཕྲལ་འཕྲལ་ཁག་ཆེཝ་འཐོནམ་ད་ རྐྱངམ་གཅིག་མ་གཏོགས་ ཨ་རྟག་ར་ལག་ལེན་འཐབ་ནི་མེདཔ་ལས་ ཉེ་འདབས་ཀྱི་ས་ཁོངས་ཚུ་ནང་ སྒྲིང་ཁྱིམ་རྐྱབ་བཅུག་ནིའི་དོན་ལུ་ སྤོ་བཤུད་འབད་ནི་ཟེར་ཨིན་པས།
སའི་ཇོ་བདག་ཚུ་གིས་སླབ་མིའི་ནང་ གནམ་གྲུའི་ཐང་གི་ཉེ་འདབས་ལུ་ཡོད་པའི་ ས་ཁོངས་ཚུ་ནང་ ཁྱིམ་ཐོག་ཚད་༢ དང་༣ གྱི་བར་ན་ལས་བརྒལ་ རྐྱབ་ནི་མིན་འདུག་ཟེར་ཨིན་པས།
ཨིན་རུང་ བློན་པོ་གིས་གསུངས་མིའི་ནང་ ཁོང་གིས་ སྒྲིང་ཁྱིམ་ལ་ལུ་ཅིག་བཟུམ་སྦེ་ ཁྱིམ་གྱི་ཐོག་ཚད་༦ དང་༧ རྐྱབ་མ་ཆོགཔ་སྦེ་སླབ་མ་གཏོགས་ མཐའ་ཅིག་ཏུ་ ཁྱིམ་ཐོག་ཚད་༢ དང་༣ ལས་བརྒལ་ཏེ་ རྐྱབ་མ་ཆོགཔ་བཟོ་བཟོཝ་མེད་ཟེར་ཨིན་པས།
དེ་འབདཝ་ལས་ ཁྲོམ་སྡེ་ལས་འཛིན་གྱི་འགོ་དཔོན་ཚུ་གིས་ དམག་སྡེའི་འགོ་དཔོན་ཚུའི་ ཉོགས་བཤད་དང་འཁྲིལ་ཏེ་ ཁྱིམ་གྱི་ཐོག་ཚད་ལུ་ བཀག་དམ་འབདཝ་མས་ཟེར་བའི་ རྩོད་ཉོགས་དེ་ མི་བདེན་ཟེར་ བློན་པོ་གིས་གསུངས་ཡོདཔ་ཨིན་པས།
བློན་པོ་གིས་གསུངས་མིའི་ནང་ གནས་སྟངས་དེ་ལུ་བརྟེན་ གནམ་གྲུའི་ཐང་དང་ མི་མང་༢ ཆ་ར་ལུ་ ཉེན་སྲུང་གི་ཐད་ལས་འབད་རུང་ སྟབས་མ་བདེཝ་འཐོན་དོ་ཡོདཔ་ལས་ གནམ་གྲུའི་ཐང་དེ་གཞན་ཅིག་ཁར་ སྤོ་བཤུད་འབད་ནི་ཟེར་ཨིན་པས།
དེ་གི་སྐོར་ལས་ བློན་ཆེན་གྱིས་གསུངས་མིའི་ནང་ གནམ་གྲུའི་ཐང་སྤོ་བཤུད་འབད་ནིའི་ ཐབས་ཤེས་བཏོན་དགོཔ་ཡོདཔ་བཞིན་དུ་ ད་ལྟོའི་གནས་སྐབས་ནང་བཟུམ་ཅིག་འབད་བ་ཅིན་ སྟབས་མ་བདེཝ་ གནམ་མེད་ས་མེད་ཅིག་མིན་འདུག་ཟེར་ཨིན་པས།
དམག་སྡེ་དང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ཨིམ་ཊཱཊ་གི་ ཡིག་ཚང་ལྟེ་བ་ཚུའི་ཐད་ཁར་ལྷོདཔ་ད་ བློན་པོ་གིས་གསུངས་མིའི་ནང་ ཡིག་ཚང་ལྟེ་བ་ཚུ་ སྤྱི་ལོ་༢༠༠༢-༢༠༡༧ གྱི་ ཁྱིམ་བཟོའི་འཆར་གཞི་ནང་ཚུད་དེ་ཡོད་རུང་ ད་ལྟོ་ གཞན་ཁར་སྤོ་བཤུད་མི་འབད་ཟེར་ཨིན་པས།
ཡིག་ཚང་ལྟེ་བ་ཚུ་ ཁྱིམ་བཟོའི་འཆར་གཞི་ འགོ་མ་བཙུགས་པའི་ཧེ་མར་ སྤྱི་ལོ་༡༩༦༠ རེ་གྲངས་འགོ་བཙུགས་ཁམས་ལས་ ད་ལྟོའི་ས་ཁོངས་ནང་རྐྱབ་ཡོདཔ་མ་གཏོགས་ གསརཔ་བཟོ་སྐྲུན་འབད་འབདཝ་མེན་ཟེར་ བློན་པོ་གིས་གསུངསམ་ཨིན་པས།
ཧེ་མ་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་བཟུམ་སྦེ་ ཡར་རྒྱས་མགྱོགས་དྲག་སྦེ་ འགྱོ་བའི་མནོ་བསམ་མེད་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་སྡེ་དང་ དམག་མི་ཚུ་གིས་ ང་བཅས་རའི་རྒྱལ་ཁབ་ལུ་ ཞབས་ཏོག་ལེགས་ཤོམ་ཞུ་དོ་ཡོདཔ་ལས་ ཁག་ཆེ་ཤོས་ཅིག་ཁོང་ཨིནམ་ལས་ ཁོང་གི་ཡིག་ཚང་ཚུ་ སྤོ་བཤུད་འབད་གཏང་ནི་དེ་ མནོ་མ་ཚུགསཔ་ཅིག་ཨིན་མས་ཟེར་ བློན་པོ་གིས་གསུངསམ་ཨིན་པས།
ཁོ་གིས་གསུངས་མིའི་ནང་ འདས་པའི་ལོ་དག་པ་ཅིག་གི་རིང་ རྒྱལ་གཞུང་དམག་སྡེའི་ཡིག་ཚང་ཚུ་ རྒྱ་བསྐྱེད་མ་འབད་བར་ ས་ཁོངས་ཆུང་ཀུའི་ནང་ ཤོངམ་སྦེ་བཞག་སྟེ་ཡོདཔ་ལས་ གཞན་ཁར་སྤོ་བཤུད་མ་འབད་མི་ཡང་ རྒྱུ་མཚན་དེ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ཐད་ཁར་ལྷོདཔ་ད་ ད་ལྟོ་ ས་གོ་ལངམ་སྦེ་མེདཔ་མ་ཚད་ ཁོང་གི་ཞབས་ཏོག་ཚུ་ ཁྲོམ་སྡེ་ལུ་ཁག་ཆེཝ་ལས་ གཞན་ཁར་སྤོ་བཤུད་འབད་ཐབས་མེད་ཟེར་ ཨིན་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment