གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་འཐུས་མི་ གསལ་སྟོན་འབད་ཡོདཔ།

༦/༡༡/༢༠༡༢   ༉ ཡིག་ཚང་གཞན་ཁ་ལས་ འོང་འབབ་ཅན་གྱི་ ལཱ་གཡོག་གི་གོ་སྐབས་སྤྲོད་མི་ལུ་ཡང་ ངོས་ལེན་མ་འབད་བར་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལུ་ དང་འདོད་བསྐྱེད་དེ་ འཕྲལ་ཁམས་བརྡ་བརྒྱུད་ནང་ དང་འདོད་གསལ་སྟོན་འབད་མི་༥ པོ་གི་གྲས་ལས་ གཅིག་དེ་ སྐྱེས་ལོ་༣༣ ལང་མི་ པདྨ་བསྟན་འཛིན་ཨིན་པས།


མ་གཞི་ བསྐྱར་ཞིབ་ཀྱི་འཁྲི་འགན་ཅན་གྱི་ ཚོགས་ཁང་གོང་མའི་ སྡོད་ཁྲིའི་དོན་ལུ་ བཙག་འཐུའི་ནང་བཅའ་མར་གཏོགས་ནི་གི་ དང་འདོད་བསྐྱེད་མི་ལེ་ཤ་ཡོད་དེ་འབད་རུང་ ད་ཚུན་ བརྡ་བརྒྱུད་ནང་ དང་འདོད་གསལ་བཀོད་ཐོག་ གདོང་ཁར་ཐོན་མི་ ཁོང་༥ ལས་ བརྒལ་ མེདཔ་ཨིན་པས།
སྐྱབས་ཆ་ ཤེལ་དགོན་གཡུས་ཚན་ལས་ཨིན་མི་ པདྨ་བསྟན་འཛིན་དེ་ འཕྲལ་ཁམས་ ཨསི་ཊེ་ལི་ཡ་ལུ་ ཚོང་འབྲེལ་འཛིན་སྐྱོང་པའི་ནང་ གཙུག་ལག་ཤེས་ཡོན་མཐར་འཁྱོལ་ཏེ་ རྒྱལ་ཁབ་ནང་ལོག་ལྷོདཔ་ཅིག་ཨིན་པས།
ཁོ་གིས་ ཨསི་ཊེ་ལི་ཡ་ལུ་ གཙུག་ལག་ཤེས་ཡོན་སྦྱང་པར་མ་འགྱོ་བའི་ཧེ་མར་ སྤ་རོ་དབུ་མ་ མགྲོན་ཁང་ནང་ མི་སྟོབས་འཛིན་སྐྱོང་འགོ་དཔོན་གྱི་ ལཱ་འགན་འབད་དེ་སྡོད་ཡོདཔ་ད་ དེ་ལས་ ཤེས་ཡོན་རྒྱ་བསྐྱེད་འབད་ནིའི་དོན་ལུ་ ལཱ་གཡོག་ནང་ལས་དགོངས་ཞུས་འབད་ཡོདཔ་ཨིན་པས།
ཁོ་གིས་ ལོ་༡༠ དེ་ཅིག་ མགྲོན་སྐྱོང་དང་འབྲེལ་བའི་ ལཱ་འགན་འབག་ཡོདཔ་ད་ ད་རེས་ ཁོ་གིས་ ཚོགས་སྡེའི་བཅག་འཐུ་ནང་འབྲེལ་གཏོགས་འབད་ནི་གི་ དང་འདོད་བསྐྱེད་མི་དེ་ཡང་ ལོ་མང་རབས་ཅིག་སྤ་རོ་ལུ་སྡོད་པའི་སྐབས་ མི་སྡེ་ལུ་ཕན་ཐོགས་པའི་ ཁས་བླངས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་ རྒྱལ་ཁབ་སྤྱིར་བཏང་ལུ་ཕན་ཐབས་ཀྱི་ལས་རིམ་ རྒྱ་བསྐྱེད་འབད་ཚུགས་པའི་གོ་སྐབས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སྡེའི་ཞབས་ཏོག་ལས་རིམ་དེ་ ཁོ་གི་འདེམས་ཁོངས་ ཆུ་འཛོམས་ལས་ ཕུན་ཚོགས་གླིང་ཚུན་ཚོད་ ཨིན་མིའི་ས་གནས་ཚུ་ནང་ རྒྱ་བསྐྱེད་འབད་ནི་གི་ དམིགས་ཡུལ་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ མི་སྡེའི་ཞབས་ཏོག་ལས་རིམ་ནང་ སྤྲོ་བ་བསྐྱེད་པའི་ལཱ་ཚུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ སྡོད་པའི་སྐབས་ལས་ར་ འགོ་བཙུགས་ཅི་ཟེར་ཨིནམ་ད་ སློབ་གྲྭ་དེ་ནང་ ཚོང་རིག་མཐོ་རིམ་ཆོས་ཚན་གྱི་ སློབ་ཕྲུག་འབད་སྡོད་པའི་སྐབས་ མི་སྡེའི་ཞབས་ཏོག་སྡེ་ཕྲན་གྱི་ མཉམ་འབྲེལ་བ་འབད་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་ཟེར་ཨིན་པས།
ཁོ་གིས་ མི་སྡེའི་ཞབས་ཏོག་ལས་རིམ་ཐོག་ བཀྲིས་སྒང་རྫོང་ཁག་གི་ གཡུས་ཚན་ཚུ་ནང་ གཡུས་མི་ཉམ་ཆུང་ ལྟ་རྟོག་འབད་མི་དང་ ཆ་རོགས་འབད་མི་ མེད་མི་ཚུ་ལུ་ ཁས་བླངས་ཀྱི་རོགས་རམ་ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ནང་འཁོད་དང་ ཕྱི་ལས་ ལཱ་གཡོག་གི་གོ་སྐབས་བྱིན་མི་ལེ་ཤ་ཐོན་ཡོདཔ་ཨིན་རུང་ གོ་སྐབས་དེ་ཚུ་ གནས་སྐབས་ཅིག་ སྒག་བཞག་རུང་བཏུབ་ནི་ཨིནམ་ལས་ ཕྱི་ཁར་ལཱ་འབད་བར་འགྱོ་ནི་དེ་ གནས་སྐབས་ཅིག་བཤོལ་བཞག་སྟེ་ རང་གི་རྒྱལ་ཁབ་ལུ་ཕྱག་ཞུ་དགོ་པའི་ འགན་འཁྲི་ལུ་ གཙོ་རིམ་བཟུང་སྟེ་ངོས་ལེན་འབད་དེ་ བཙག་འཐུའི་ནང་བཅའ་མར་གཏོགས་ནི་གི་ དང་འདོད་བསྐྱེད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ ཤེས་ཡོན་རིན་མེད་སྟོང་པར་སྦེ་གནང་སྟེ་ རང་མགོ་རང་འདྲོངས་བཟོ་གནང་ཡོད་པའི་ཤུལ་ལུ་ རྒྱལ་ཁབ་ལུ་ ཕྱག་ཞུ་མ་ཚུགས་པ་ཅིན་ བློ་ཕམ་འབྱུང་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མིའི་གྲངས་སུ་ གྲལ་གཏོགས་འབད་ཚུགས་པ་ཅིན་ དེ་གིས་ མི་སྡེ་དང་རྒྱལ་ཁབ་ལུ་ ཕྱག་ཞུ་ཐོག་ལས་ བཀའ་དྲིན་དགའ་ཚོར་ཞུ་ཚུགས་ནི་མས་ཟེར་ཨིནམ་ད་ ཚོགས་ཁང་དེ་ལུ་ བསྐྱར་ཞིབ་འབད་ནི་གི་ འགན་འཁྲི་ཡོདཔ་ལས་ སྤྱི་ཚོགས་ལས་གྲོས་འབུལ་བྱུང་མི་ ཁྲིམས་ལུགས་ཚུ་ལུ་ མི་སྡེའི་གནས་སྟངས་ནང་ ལྷན་ཐབས་ཅན་གྱི་ ཁྲིམས་ལུགས་བཟོ་ནིའི་ལྷན་གྲོགས་ འབད་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁྲིམས་ལུགས་དེ་ མི་སྡེའི་ནང་ ལཱ་དང་བྱ་བ་ག་ཅི་ར་འཐབ་རུང་ དེ་དང་བསྟུན་དགོཔ་ལས་ མི་སྡེའི་ནང་འོས་འབྱོར་ལྡན་པའི་ལག་ལེན་གྱི་ གནས་སྟངས་ལེགས་ལྡན་གྱི་ ཁྲིམས་ལུགས་བཟོ་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
ད་ལྟོ་ ཚོགས་སྡེའི་བཙག་འཐུ་དོན་ལུ་ འདོམས་ངོ་ཚུ་གིས་ བསྐུལ་བསྒྲགས་འགོ་བཙུགས་ནི་གི་དོན་ལུ་ བཙག་འཐུ་ལྷན་ཚོགས་ལས་ གསལ་བསྒྲགས་འབད་དགོཔ་ཡོདཔ་ད་ དེ་ལུ་ བསྒུག་སྡོད་པའི་ཁོ་གིས་ ཁོ་རའི་ཕམ་གྱི་ ཚོང་འབྲེལ་འཛིན་སྐྱོང་ནང་ གྲོགས་རམ་འབདཝ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment