གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ད་རུང་ འདེམས་ངོ་༣ ངོ་སྤྲོད་འབད་ཡོདཔ།

༨/༡༡/༢༠༡༢   ༉ ཁ་ཙ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ བརྡ་བརྒྱུདཔ་ཚུ་ལུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་ འོས་འབབ་ཅན་གྱི་ འདེམས་ངོ་༣ ངོ་སྤྲོད་འབད་ཡི།
དེ་ཡང་ གསར་སྤང་རྫོང་ཁག་ ཤོམ་པང་ཁ་འདེམས་ཁོངས་ལས་ སྲིད་ཚོགས་དེ་གི་དོན་ལུ་ འདེམས་ངོ་ཐོན་མིའི་གྲས་ལས་ གཅིག་ ཞི་གཡོག་ནང་ ལོ་ངོ་༣༠ དེ་ཅིག་ཕྱག་ཞུ་མི་ རཱན་ བྷ་དུར་ རཱ་ན་ཨིནམ་ད་ ཁོ་གིས་ ལོ་ངོ་༢༠ གི་རིང་ སོ་ནམ་ལས་ཁུངས་ནང་དང་ ལོ་ངོ་༡༠ གྱི་རིང་ སྒེར་སྡེ་ནང་ ཕྱག་ཞུ་ཡོདཔ་ཨིན་པས།


རྩི་རང་རྫོང་ཁག་ པ་ཏ་ལི་ རྩི་རང་སྟོད་འདེམས་ཁོངས་ལས་
གོ་པཱལ་ མཱ་ཧཏ།
གསར་སྤང་རྫོང་ཁག་ ཤོམ་སྤང་ཁ་འདེམས་ཁོངས་ལས་ རཱན་ བྷ་དུར་ རཱ་ན།
བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དང་ མར་ཚ་ལ་འདེམས་ཁོངས་ལས་ ཨོ་རྒྱན་རྡོ་རྗེ།

ཁོ་གིས་ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ དགོངས་ཞུ་འབད་ཡོདཔ་བཞིན་དུ་ སླབ་མིའི་ནང་ སྲིད་ཚོགས་ནང་ བཅའ་མར་གཏོགས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་ལས་ རྩི་རང་རྫོང་ཁག་ པ་ཏ་ལི་ རྩི་རང་སྟོད་འདེམས་ཁོངས་ལས་ སྐྱེས་ལོ་༥༨ ལང་མི་ གོ་པཱལ་ མཱ་ཧཏ་གིས་ ལོ་ངོ་༣༦ གི་རིང་ ཞི་གཡོག་ནང་ ཕྱག་ཞུ་བའི་ཤུལ་ལས་ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ སྲིད་ཚོགས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཁོ་གིས་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ནང་ ནགས་ཚལ་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་ཡི་ཟེར་ཨིན་པས།
གོ་པཱལ་ མཱ་ཧད་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཚུན་ གཞུང་ལུ་ ཕྱག་ཞུ་བའི་རིང་ རྒྱལ་ཁབ་ལུ་ཕན་པའི་ ཉམས་མྱོང་ལེ་ཤ་ཐོབ་པ་གིས་མ་ཚད་ རིག་པ་གསརཔ་ ལེ་ཤ་ཐོབ་མི་ཚུ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ནིའི་ ཁས་བླངས་ཡོད་ཟེར་ཨིན་པས།
སྲིད་ཚོགས་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ ལྟ་བ་དང་གཞི་རྩ་ དེ་ལས་ སྲིད་བྱུས་ཚུ་ ལེགས་ཤོམ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ དམངས་གཙོའི་རིང་ལུགས་ནང་ གཞུང་སྐྱོང་མི་ཚོགས་པ་དེ་ སྒྲིང་སྒྲིང་དགོ་པ་ཅིན་ གཙོ་བོ་ གཞི་རྩ་དང་ ལྟ་བ་ཚུ་ ལེགས་ཤོམ་དགོ་ཟེར་ ཁོ་གིས་ སླབ་ཨིན་པས།
ད་ཚུན་ བྷུ་ཊཱན་ཀུན་མཉམ་པར་ཊི་ནང་ གཞོན་ཤོས་ཅིག་ཨིན་མི་ ཨོ་རྒྱན་རྡོ་རྗེ་དེ་ སྐྱེས་ལོ་༣༩ ལང་ཡོདཔ་ད་ ཁོ་གིས་ ལོ་ངོ་༩ གི་རིང་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ ཁོ་གིས་ བསམ་གྲུབ་ལྗོངས་མཁར་གྱི་ འཇོ་མོ་གཙང་ཁ་དང་ མར་ཚ་ལ་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྲིད་ཚོགས་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ མི་སེར་ཚུ་ལུ་ སྐྱིད་སྡུག་བལྟ་ནི་དང་ ལྷག་པར་དུ་ མི་སྡེའི་དཔལ་འབྱོར་ཡར་དྲག་གཏང་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
བྷུ་ཊཱན་ཀུན་མཉམ་པར་ཊི་གི་ ཚོགས་པའི་མགྲིན་ཚབ་ བསོད་ནམས་སྟོབས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ཚུན་ འདེམས་ངོ་༢༩ དེ་ཅིག་ གཏན་འཁེལ་སོང་ཡི་ཟེར་ཨིནམ་ད་ ལྷག་ལུས་ ཚོགས་པའི་འདེམས་ངོ་ཚུ་ ཐོ་བཀོད་འབད་ཞིནམ་ལས་ གཏན་འཁེལ་བཟོ་ནི་ཟེར་ཨིན་པས།
སྲིད་ཚོགས་ལེ་ཤ་ཐོན་མི་དེ་ གཙོ་བོ་ར་ མི་སེར་ཚུ་ལུ་ རང་སོའི་གདམ་ཁ་དང་འཁྲིལ་ཏེ་ གདམ་འཐུ་འབད་ནིའི་གོ་སྐབས་ བྱིན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
སྲིད་ཚོགས་ནང་ དོ་འགྲན་འབད་མི་ འོས་འབབ་ཅན་གྱི་ མི་ངོ་འཐོབ་ནིའི་ཐད་ཁར་ ད་ལྟོ་ འབྲུག་གི་དམངས་གཙོའི་རིང་ལུགས་ གསརཔ་འབད་ནི་དེ་གིས་ ལཱ་ཁག་འདུག་ཟེར་ ཚོགས་པའི་མགྲིན་ཚབ་ཀྱིས་ བཤདཔ་མ་ཚད་ སྲིད་ཚོགས་ཀྱིས་ ཕྱག་ཕྱིད་ལེགས་ཤོམ་ཞུ་དགོ་པ་ཅིན་ རང་གིས་འབད་མི་ལཱ་དེ་ལུ་ བརྩོན་ཤུགས་བསྐྱེད་དགོཔ་མ་ཚད་ བློ་གཏད་དང་ ཡིད་ཆེས་དགོ་ཟེར་ ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment