གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉམས་གསོ་ཞུ་ཚར་མི་ མགོན་ཁང་ལུ་ བཀྲིས་རབ་གནས་གནང་ཡོདཔ།

༨/༡༡/༢༠༡༢   ༉ ཁ་ཙ་ རྒྱལ་ཁབ་ནང་ གནས་ཆེན་ཅིག་ཨིན་མི་ སྤ་རོ་གདོང་སྒོར་ལ་ལུ་ པད་གླིང་ཆོས་སྲུང་མ་གཟའ་དམ་གསུམ་དང་ མགོན་པོ་མ་ནིང་ དེ་ལས་ སྔགས་སྲུང་མའི་ མགོན་ཁང་དེ་ སྤྱི་ལོ་༢༠༡༡ ཟླ་༣ པའི་ནང་ ས་ཡོམ་གྱིས་ ཉམས་ཆག་ཤོར་ཡོད་མི་དེ་ སླར་ཉམས་གསོ་ཞུ་ཚར་བའི་ བཀྲིས་རབ་གནས་དེ་ དབྱངས་སློབ་བགྲེསཔ་ སངས་རྒྱས་རྡོ་རྗེ་གིས་ མཛད་ཡོདཔ་ཨིན་པས།
གདོང་སྒོར་ལའི་ གནས་ཆེན་གྱི་མཐོང་སྣང།


གདོང་སྒོར་ལའི་ དགེ་འདུན་སློབ་གྲྭའི་དབུ་འཛིན་ ཀུན་དགའ་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ཟླ་༣ པའི་ནང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ ས་ཡོམ་རྐྱབ་པའི་རྐྱེན་གྱིས་ གནས་ཆེན་གདོང་སྒོར་ལའི་ ལྷ་ཁང་དང་ མགོན་ཁང་༢ ཉམས་ཆག་ཤོར་ཡོདཔ་ཨིན་པས།
མགོན་ཁང་ཉམས་གསོ་ཞུ་ནིའི་དོན་ལུ་ མི་དབང་རྒྱལ་ཡུམ་ཨ་ཞེ་ སྐལ་བཟང་ཆོས་སྒྲོན་མཆོག་གིས་ ཞལ་འདེབས་མ་དངུལ་འབུམ་༣ དང་ ཨ་ཞེ་བཀྲིས་ཀྱིས་ དངུལ་ཀྲམ་འབུམ་༣ དེ་ལས་ དད་ཅན་གྱི་ སྦྱིན་བདག་ཚུ་ལས་ ཞལ་འདེབས་ཕུལ་མིའི་ ཡོངས་བསྡོམས་ དངུལ་ཀྲམ་འབུམ་༤༠ ལྷགཔ་ཅིག་ ཟད་འགྲོ་བཏང་ཐོག་ལས་ ཉམས་གསོ་ཞུ་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ཟླ་༤ པའི་ནང་ ཉམས་བཅོས་ཀྱི་ལཱ་འགོ་བཙུགས་ཏེ་ ཟླ་༡༠ པའི་ནང་ བསྒྲུབས་མིའི་མགོན་ཁང་དེ་ རྩ་བ་ལས་ གསར་བཞེངས་འབད་ཡོད་རུང་ བཟོ་རྣམ་དང་ རབ་གསལ་ དེ་ལས་ ཞལ་བཀོད་ཚུ་ ཧེ་མ་ག་ཨིན་མི་ལུ་གཞི་བཞག་སྟེ་ སྤུ་ན་ཁ་རྫོང་ཁག་གི་ རྫོང་བཞེངས་མིའི་ བཟོ་བོ་ཚུ་གིས་ བཞེངས་ཡོད་པའི་ཁར་ ཤིང་ཚུ་ དྲག་ཤོས་མཛོད་དཔོན་བགྲེསཔ་ དབང་ཕྱུག་གིས་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ ཤར་པ་རྒེད་འོག་བདག་སྐྱོང་གི་ཁ་ཐུག་ལས་ ཤིང་གི་གནང་བ་ཚུ་ བྱིན་ཡི་ཟེར་ཨིན་པས།
མགོན་ཁང་ཉམས་གསོ་ཞུ་ཚར་བའི་ བཀྲིས་རབ་གནས་ཀྱི་རྟེན་འབྲེལ་ནང་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་བསམ་གཏན་རྡོ་རྗེ་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ཡོདཔ་མ་ཚད་ འཐུས་དཔོན་བགྲེསཔ་དང་ ལས་སྡེ་ཁག་གི་འགོ་དཔོན་ རྒེད་འོག་བདག་སྐྱོང་གི་ འགོ་ཁྲིདཔ་ དེ་ལས་ ཤར་པ་གཡུས་སྒོའི་ མི་སེར་ཚུ་འཛོམས་ཡོདཔ་ཨིན་པས།
རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ མདོ་ཆེན་ རྣམ་རྒྱལ་དཔལ་འབྱོར་དང་ འཐུས་དཔོན་བགྲེསཔ་ རྡོ་རྗེ་ཚེ་རིང་གཉིས་ཀྱིས་ བཀྲིས་རབ་གནས་ རྟེན་འབྲེལ་ལས་རིམ་གྱི་དོན་ལུ་ མ་དངུལ་ཚུ་བཏང་སྟེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཀུན་དགའ་རིན་ཆེན་གྱིས་ འབད་བ་ཅིན་ ལོ་རེ་ནང་ སློབ་གྲྭ་དེ་ནང་ ལོ་བསྟར་གནང་སྲོལ་ཡོད་པའི་ གསུང་ཆོག་ཚུ་གི་གྲས་ལས་ རང་ཟླ་༥ པའི་ནང་ པད་གླིང་ཆོས་སྲུང་ཡོངས་རྫོགས་དང་ བླ་མ་ནོར་བུ་རྒྱ་མཚོ་གི་ ཆོ་ག་དང་ ཟླཝ་༧ པའི་ནང་ གཏེར་སྟོན་ཚེ་རིང་རྡོ་རྗེའི་ཆོ་ག་དང་ ཚེས་བཅུ་ སྨྱུང་གནས་ དེ་ལས་ གནས་བརྟན་༡༦ དང་ རྣམ་རྒྱལ་སྟོང་མཆོད་ ཟླཝ་༨ པའི་ནང་ ཚེ་ཁྲི་རྡོ་རྗེ་འཕྲེང་བའི་ སྒྲུབ་ཆོག་དང་ གཞན་ཡང་ ལེ་ཤ་ཅིག་ར་ གནང་ནི་ཡོད་ཟེར་ཨིན་པས།
ཤར་པ་གཡུས་ཚན་ལས་ སྐྱེས་ལོ་༨༠ ལང་མི་ ཨང་རྒས་ དཔལ་སྒྲོན་གྱིས་ སླབ་མི་དང་འཁྲིལཝ་ད་ མོ་ར་ ལོ་༢༠ སྦེ་སྡོད་པའི་སྐབས་ རང་ཟླ་༨ པའི་ཚེས་༡༤ དང་༡༥ ལུ་ གདོང་སྒོར་བཙན་གྱི་ རྟེན་མདོས་མཆོད་ནི་དང་ ཚེས་བཅུ་མཇལ་ནིའི་དོན་ལུ་ གཡུས་ཁ་ལས་ དྲོ་པ་ཆུ་ཚོད་༧ ལས་ འགོ་བཙུགས་རྐང་སྟོང་སྦེ་ ལམ་འགྱོ་མི་དེ་གིས་ གནས་དེ་ཁར་ ཕྱི་རུ་ཆུ་ཚོད་༧ ལུ་མ་གཏོགས་ ལྷོད་མི་ཚུགས་ཟེར་ ཨིན་པས།
ཨིན་རུང་ ལོ་༦༠ གྱི་ཤུལ་ལས་ ཁ་ཙ་ ཆུ་ཚོད་༡ གི་རིང་ ལྷོད་ཚུགས་མི་ལུ་ལྟ་བ་ཅིན་ ཧེ་མའི་ སྣང་བ་ཚུ་ ཤར་འོངམ་ད་ སེམས་དགའཝ་ཨིན་ན་ འཁྲུལཝ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིནམ་ད་ དེ་ཡང་ ལོ་ངོ་༦༠ གི་ཧེ་མར་ དཀའཝ་སྦོམ་སྤྱད་དེ་ རང་གི་ སྒལ་ཏོ་ཁར་ འཁུར་ཆ་དང་ ལྟོ་བཅིང་འབག་སྟེ་ རྐང་སྟོང་སྦེ་ལམ་མའགྱོ་མི་དེ་ ད་རིས་ ཡུདང་ཐེངས་ཅིག་ནང་ར་ ལྷོད་ཚུགས་མི་དེ་ རྒྱལ་ཁབ་ནང་ ག་དེ་ཅི་ ཡར་རྒྱས་སོངམ་ཨིན་ན་དང་ མི་སེར་ཚུ་ བསོད་ནམས་ག་དེ་ཅིག་བསགས་ཡོདཔ་ཨིན་ན་ ཧ་གོ་ཚུགས་པས་ཟེར་ཨིན་པས།
གནས་དེ་ཁར་ འཁོར་ལམ་དེ་ཡང་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ནང་ ལྷོ་གླིང་གི་ས་གནས་ལས་ གདོང་དཀར་ལ་ཚུན་ ཀི་ལོ་མི་ཊར་༩ འབད་མི་ལུ་ ཟད་འགྲོ་དངུལ་ཀྲམ་ འབུམ་༤༠ ལྷགཔ་ཅིག་བཏང་སྟེ་ བསལ་ཡོདཔ་ད་ དེ་ཡང་ དབུ་འཛིན་གྱིས་ འགོ་འདྲེན་ཐོག་ལས་ ཤར་པ་རྒེད་འོག་ལས་ དངུལ་ཀྲམ་འབུམ་༡༥ དང་ རྡོ་གར་རྒེད་འོག་ལས་ དངུལ་ཀྲམ་འབུམ་༡༢ དང་ སྟོང་ཕྲག་༨༤ རྒྱབ་སྐྱོར་འབད་མི་དང་ ལྷག་ལུས་ཚུ་ ཞལ་འདེབས་བསྡུ་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ས་ཡོམ་གྱིས་ རྐྱེན་ངན་བྱུང་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གཟིགས་སྐོར་ནང་བྱོན་པའི་སྐབས་ ལྷ་ཁང་དེ་ཡང་ ཉམས་གསོ་འཕྲལ་མགྱོགས་ར་ གནང་དགོ་པའི་བཀའ་སློབ་གནང་ཡོདཔ་མ་ཚད་ མི་རྗེ་བློན་ཆེན་དང་ ནང་སྲིད་བློན་པོ་ དེ་ལས་ སྲོལ་འཛིན་ལྷན་ཁག་ལས་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་མཛད་དེ་ ལྷ་ཁང་དེ་ སྤྱི་ལོ་༢༠༡༣ རང་ཟླ་༢ པའི་ནང་ ཉམས་བཅོས་ཀྱི་ལཱ་ཚུ་ འགོ་བཙུགས་འོང་ཟེར་ དབུ་འཛིན་ཀུན་དགའ་རིན་ཆེན་གྱིས་) སླབ་ཨིན་པའི་གནས་ཚུལ།



བཀྲིས་ཕུན་ཚོགས།

No comments:

Post a Comment