༉ དུས་ཚོད་འ་ནེམ་ཅིག་ཁར་ རྒྱ་གར་གྱི་ས་གནས་ ལ་དྭགས་ལུ་ ཕྱི་རྒྱལ་གྱི་བཟོ་བཀོད་ཅན་གྱི་ གསང་སྤྱོད་ཚུ་ སྒོ་བསྡམས་ཐོག་ལས་ རང་ལུགས་ཀྱི་གསང་སྤྱོད་ཚུ་ ལག་ལེན་འཐབ་དོ་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།
![]() |
ལུད་བཟོ་བཏུབ་མི་ རང་ལུགས་ཀྱི་གསང་སྤྱོད། |
དེ་བཟུམ་འབད་དགོ་མི་དེ་ཡང་ གནམ་དགུན་གྱི་དུས་ཚོད་ལུ་ གྱངས་ཤུགས་ཆེ་ནི་དེ་གིས་ གྱིབ་ཀྱིས་བཟོ་མི་ ཆུ་འདེགས་བཞག་སའི་ཧོད་ སིན་ཊེགསི་དང་ ཆུ་དུང་ཚུ་ གག་འགྱོ་དོ་ཡོདཔ་མ་ཚད་ གསང་སྤྱོད་ནང་ ཆུ་བླུགས་པའི་སྐབས་ ཁྱེགས་ཆགས་མི་ལུ་བརྟེན་ཏེ་ཨིན་པས།
རང་ལུགས་ཀྱི་གསང་སྤྱོད་ཚུ་ ང་བཅས་འབྲུག་པའི་ རང་ལུགས་ཀྱི་ གསང་སྐྱོད་ཀྱི་བཟོ་བཀོད་དང་ ཆ་འདྲ་སུ་སྦེ་ ཡོདཔ་ཨིན་རུང་ ལག་ལེན་འཐབ་ཐངས་དང་ ཨ་ཝ་བཀང་སའི་ ས་དོང་དེ་ནང་ སྒོ་ཚུ་ཡང་ བསྒྲིགས་ཏེ་ཡོདཔ་ཨིན་པས།
གསང་སྤྱོད་ཚུ་ནང་ ཧེམ་ཆུང་ཀུ་རེ་དང་ ཡང་ཅིན་ འཁརཝ་ཆུང་ཀུ་རེ་ དེ་ལས་ གསང་སྤྱོད་ཀྱི་དོང་བདའ་སྟེ་ ས་སྐམ་ཚུ་ སྤུངས་བཞག་དོ་ཡོདཔ་ལས་ ཆབ་གསང་འབད་ཚར་བའི་ཤུལ་ལུ་ ཧེམ་དེ་གིས་ ཐོག་ཁ་ལས་ ས་བླུགས་དགོཔ་བཞིན་དུ་ གསང་སྤྱོད་ལག་ལག་ལེན་འཐབ་པའི་ཤུལ་ལས་ ཆབ་གསང་ཚུ་ དུས་ཡུན་སྐར་མ་དག་པ་རེ་གི་རིང་ལུ་ ཐལཝ་གིས་གང་སྟེ སྡོདཔ་ཨིན་པས།
ཆབ་གསང་འབད་ཚར་བའི་ཤུལ་ལུ་ ས་བླུགས་དགོ་མི་དེ་ཡང་ ཨ་ཝ་དང་ ས་༢ སླ་བསྲེས་ཐོག་ལས་ ལུད་བཟོ་ནི་ལུ་དམིགས་ཏེ་ཨིན་རུང་ གཙུག་སྡེ་དང་ ལས་སྡེ་ཚུ་ནང་འབད་བ་ཅིན་ ས་དོང་དེ་ གང་བའི་བསྒང་ལས་ ས་གིས་ཨེབ་བཞག་དོ་ཡོདཔ་ཨིན་པས།
ལུད་བཏོན་ནིའི་དོན་ལུ་ གསང་སྤྱོད་ཀྱི་འོག་ལུ་ཡོད་པའི་ མཛོད་དེ་ནང་ སྒོ་ཚུ་ཡང་ བཟོ་སྟེ་ཡོདཔ་ལས་ ལུད་བཏོན་རན་པའི་སྐབས་ སྒོ་ཕྱེ་སྟེ་ མི་ཚུ་གིས་ གསང་སྤྱོད་ཀྱི་མཛོད་ནང་ འཛུལ་དོ་ཡོདཔ་ཨིན་པས།
ཧེ་མིསི་གཡུས་ཚན་ལས་ སྐྱེས་ལོ་༥༨ ལང་མི་ ངག་དབང་རྒྱལ་མཚན་གྱིས་འབད་བ་ཅིན་ སྤྱི་ཟླ་༤ པ་དེ་ཅིག་ནང་ གསང་སྤྱོད་ནང་ལས་ ལུད་བཏོན་ཏེ་ ཞིང་ནང་བླུགས་དོ་ཡོདཔ་ད་ གལ་སྲིད་ གསང་སྤྱོད་ནང་ལས་ ལུད་ལེ་ཤ་སྦེ་ བཏོན་ཚུགས་པ་ཅིན་ ལུད་ཚུ་ ཏི་རུ་སྤྲོད་དེ་ ཁྲོམ་ཁ་ལས་ གནམ་མེད་ས་མེད་ ཉོ་མི་དགོ་ཟེར་ཨིན་པས།
ཁོང་རའི་ དུས་ཚོད་དང་འཁྲིལ་ གསང་སྤྱོད་ཀྱི་ལུད་ཚུ་ མི་རྒན་ཤོས་ཚུ་གིས་ ཁ་རས་སྤུར་ཏེ་ བཏོན་དོ་ཡོདཔ་ད་ གསང་སྤྱོད་ཀྱི་ ཕྱི་ཁར་བཏོན་ཏེ་ ཉིན་གྲངས་དག་པ་ཅིག་ བཞག་ནི་ཡོདཔ་ཨིན་པས།
དེ་བསྒང་ལས་ ཆབ་གསང་གི་དྲིམ་ཡོད་རུང་ ཧ་ལམ་ ཡལ་འགྱོ་དོ་ཡོདཔ་མ་ཚད་ རང་སོའི་ སྒོ་ནོར་སེམས་ཅན་ཚུ་གི་ ལུད་ཡོད་རུང་ སླ་བསྲེས་རྐྱབ་ནི་ཡོད་ཟེར་ཨིན་པས།
འགྲུལ་འཁོར་ལམ་གྱི་ ཉེ་འདབས་ལུ་སྡོད་མི་ཚུ་གིས་ ལུད་ཚུ་ འཕྲུལ་གླང་པ་ཝར་ཊི་ལར་ནང་སྦེ་ སྐྱེལ་དོ་ཡོདཔ་ཨིན་རུང་ གཞན་མི་ཚུ་གིས་ བོང་ཀུ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ལུད་ཚུ་ སྐྱེལ་བའི་སྐབས་ གཡུས་ཚན་དེ་ནང་གི་ མི་ཚུ་གི་ བོང་ཀུ་ཚུ་གུ་བཀལ་ཏེ་ རང་སོའི་ཞིང་ནང་ སྐྱེལ་དོ་ཡོདཔ་ད་ དེ་བསྒང་ གཡུས་མི་ཚུ་གིས་ བོང་ཀུ་ཚུ་ག་ར་ ཁྱིམ་ཚང་༡ གིས་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ གཡུས་མི་གཞན་ཚུ་གིས་ཡང་ ཆ་རོགས་འབད་དོ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རང་ལུགས་ཀྱི་ གསང་སྤྱོད་ལག་ལེན་འཐབ་དགོ་མི་དེ་ཡང་ ས་གནས་ནང་ ཆུ་འབོལ་དྲགས་སྦེ་ མེད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སྐྱེས་ལོ་༢༥ འབད་མི་ འཇིགས་མེད་རྡོ་རྗེ་ལུ་ ནོར་༣ དང་ བོང་ཀུ་༡ ཡོདཔ་ལས་ ལོ་རེ་ནང་ ལུད་བཏོན་པའི་སྐབས་ ཧ་ལམ་ བོང་ཀུའི་ཁུར་ཆ་༥༠ ལས་ལྷགཔ་སྦེ་ འཐོན་ནི་ཡོད་ཟེརཨིན་པས།
ཁོ་གི་ཁྱིམ་ནང་ རང་ལུགས་ཀྱི་ གསང་སྤྱོད་མ་གཏོགས་ རིག་གསར་གྱི་ གསང་སྤྱོད་མེདཔ་ད་ ཁོ་གིས་སླབ་མིའི་ནང་ རིག་གསར་གྱི་ གསང་སྤྱོད་ཚུ་བཟོ་རུང་ ལོ་༡ ནང་ ཟླཝ་དག་པ་ཅིག་གི་རིང་ལུ་མ་གཏོགས་ ལག་ལེན་འཐབ་མི་བཏུབ་དོ་ཡོདཔ་ལས་ ཁུངས་མིན་འདུག་ཟེར་ཨིནམ་ད་ དེ་གིས་ ཁོ་ལུ་ ཕན་པ་ཡང་ མི་འབྱུང་ནི་མས་ཟེར་ཨིན་མས།
གལ་སྲིད་ ལ་དྭགས་ལུ་འགྱོ་མི་ ལྟ་བཤལཔ་ཚུ་ གཡུས་ཁྱིམ་ཚུ་ནང་ སྡོད་དགོཔ་ཐོན་པའི་སྐབས་ གསང་སྤྱོད་ཚུ་ ག་དེ་སྦེ་ ལག་ལེན་འཐབ་དགོཔ་ཨིན་ནའི་སྐོར་ལས་ བཤད་བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།
ལ་དྭགས་ལས་ ཉི་མ་དབང་འདུས།
No comments:
Post a Comment