གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགའ་སྐྱིད་ལུ་ གཙོ་རིམ་བཟུང་བའི་གོང་འཕེལ་ལྟ་བ་དེ་ འཛམ་གླིང་ནང་ འབྲུག་གི་ ཤུལ་བཟང་འོས་འབབ།

༡༢/༡༡/༢༠༡༢   ༉ འབྲུག་གིས་ གོང་འཕེལ་གྱི་སྲིད་བྱུས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ གཞི་བཞག་པའི་ལམ་ལུགས་ གཞི་བཙུགས་ཐོག་ལས་ འཛམ་གླིང་ནང་ དགའ་སྐྱིད་ལུ་ གཙོ་རིམ་ཅན་གྱི་ གོང་འཕེལ་གྱི་སྲིད་བྱུས་གསརཔ་ ཁྱབ་སྤེལ་ཐོག་ འགོ་ཁྲིད་འབད་དེ་ཡོདཔ་ཨིན་རུང་ ལྟ་བ་དེ་ཐོག་གི་ ལམ་ལུགས་རྒྱ་བསྐྱེད་ནང་ འབྲུག་གིས་ ཡུན་བརྟན་འགོ་ཁྲིད་ ག་དེ་སྦེ་ འབད་ཚུགས་ག་ཟེར་ ལ་ལུ་ཅིག་གིས་ དྲི་བཀོད་འབདཝ་ཨིན་པས།


དེ་ལུ་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ བློན་པོའི་ལྷན་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་ ཞལ་འཛོམས་ཐེངས་༢༣ པ་ འཚོགས་པའི་སྐབས་ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཀུན་གསལ་ལུ་ གསུངས་མིའི་ནང་ དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་ འབྲུག་ལས་ བྱུང་ཡོད་པའི་བློ་རིག་ཅིག་ཨིནམ་ལས་ ད་ལས་ཕར་ དར་ཁྱབ་དང་ དགའ་སྐྱིད་ལུ་ གཙོ་རིམ་ཅན་གྱི་ གོང་འཕེལ་ལམ་ལུགས་ ག་སྟེ་ལུ་ གོང་འཕེལ་སོང་སྟེ་འབད་རུང་ འབྲུག་ལུ་བརྟེན་ བྱུང་ཡོདཔ་སྦེ་ར་ གནས་འོང་ཟེར་གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ད་རེས་ནངས་པ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་འབྲེལ་བའི་ ལས་རིམ་འདྲ་མིན་སྣ་ཚོགས་ འགོ་འདྲེན་འཐབ་མི་ལུ་བརྟེན་ ལྟ་བ་དེ་ལུ་ དང་འདོད་དང་ སྤྲོ་བ་བསྐྱེད་མི་ འབྲུག་མི་མང་སུ་ཐོན་དོ་ཡོདཔ་ལས་ འབྲུག་ནང་འཁོད་ལུ་ ཞིབ་འཚོལ་སྡེ་ཚན་ཚུ་ཡོད་པའི་ཁར་ དོན་ཚན་དེ་ལུ་ སྤྲོ་བ་ལེན་མི་མངམ་ཡོདཔ་ལས་ ནང་འཁོད་ལས་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ མཁས་མཆོག་འཐོན་ནིའི་ འོས་འབབ་དང་ རེ་བ་ཡོད་ཟེར་ཨིན་པས།
དེ་མ་ཚད་ འཛམ་གླིང་ནང་ དགའ་སྐྱིད་ལུ་ གཙོ་རིམ་ཅན་གྱི་ གོང་འཕེལ་སྲིད་བྱུས་དང་ ལམ་ལུགས་གསརཔ་ཚུ་གི་དོན་ལུ་ འབྲུག་མངའ་བདག་རྒྱལ་པོའི་ བཀའ་སློབ་བཟང་པོའི་འོག་ལུ་ རྒྱལ་སྤྱིའི་མཁས་དབང་ཚོགས་ཆུང་ཡང་ གཞི་བཙུགས་འབད་ཡོད་མི་དེ་ནང་ འཛམ་གླིང་ནང་གི་ བློ་རིག་ཅན་གྱི་ མཁས་དབང་ཚུ་ཡོདཔ་ཨིན་ཟེར་གསུངས་ཡི།
དེ་བཟུམ་སྦེ་ འདས་པའི་བདུན་༡ གི་ཧེ་མར་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ཁྲི་འཛིན་ དྲགོས་ཀརྨ་ཨུ་ར་གིས་ ཀུན་གསལ་ལུ་སླབ་མིའི་ནང་ འབྲུག་གི་དགའ་སྐྱིད་ཀྱི་ལྟ་བ་ལུ་ གཙོ་རིམ་ཅན་གྱི་ གོང་འཕེལ་སྲིད་བྱུས་རིང་ལུགས་ འཛམ་གླིང་ནང་ ཁྱབ་སྤེལ་འབད་མི་དེ་ འཕྲོ་མཐུད་དེ་ར་ འགོ་ཁྲིད་འབད་དགོ་པ་ཅིན་ ཞིབ་འཚོལ་དང་འབྲེལ་བའི་ ཤེས་ཡོན་རྒྱ་བསྐྱེད་ཐོག་ ཚན་རིག་དང་ལྡན་པའི་ ལམ་ལུགས་གཞི་བཙུགས་འབད་ཚུགས་དགོ་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ དགའ་སྐྱིད་དང་འབྲེལ་བའི་ ཞལ་འཛོམས་ཅིག་ནང་ བཅའ་མར་གཏོགས་མི་ ཌོག་ཊར་ ས་བི་ནཱ་ ཨཱལ་ཀའི་ཡར་གྱིས་ སླབ་མིའི་ནང་ འབྲུག་གིས་ དགའ་སྐྱིད་ཀྱི་ལྟ་བ་ འཛམ་གླིང་དང་ གཞི་བཙུགས་ཐོག་ ད་རེས་ཀྱི་གནས་སྐབས་ནང་ གཞན་རྒྱལ་ཁབ་ལེ་ཤ་ཅིག་གིས་ ལག་ལེན་འཐབ་སྟེ་ ཁོང་རའི་ དགའ་སྐྱིད་ལུ་ གཙོ་རིམ་ཅན་གྱི་ལྟ་བ་ཚུ་ གཞི་བཙུགས་འབད་དེ་ གོང་འཕེལ་བཏང་དོ་ཟེར་ཨིན་པས།
འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་བཞུགས་མཉམ་འབྲེལ་འགོ་དཔོན་ ཀེ་ལེ་ཡར་ ཝེན་ཌར་ བའེ་རིན་གྱིས་ སླབ་མིའི་ནང་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་གིས་ དགའ་སྐྱིད་ལུ་ གཙོ་རིམ་ཅན་གྱི་ སྲིད་བྱུས་ལག་ལེན་ཐོག་ འབྲུག་རྒྱལ་ཁབ་ལས་ལྷགཔ་སྦེ་ གོང་འཕེལ་གཏང་ཚུགས་པ་ཅིན་ གྲུབ་འབྲས་དེ་ འབྲུག་གི་ བློ་རིག་ལུ་བརྟེན་མི་ཅིག་ཨིནམ་ལས་ འབྲུག་གི་ འགོ་ཁྲིད་ལུ་བརྟེན་པའི་ གྲུབ་འབྲས་འབད་ར་ གནས་འོང་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་གཞན་ཚུ་གིས་ རང་སོའི་གནས་སྟངས་དང་བསྟུན་པའི་ དགའ་སྐྱིད་ལུ་ གཙོ་རིམ་ཅན་གྱི་ སྲིད་བྱུས་ལམ་ལུགས་དང་ ལག་ལེན་གནས་ཚད་ཚུ་ ཡར་སེང་གཏང་པ་ཅིན་ གཅིག་གིས་གཅིག་ལུ་ དཔེ་སྟོན་ཐོག་ འཛམ་གླིང་ནང་ དགའ་སྐྱིད་ལུ་ གཙོ་རིམ་ཅན་གྱི་ ཡུན་བརྟན་གོང་འཕེལ་ལམ་ལུགས་ཚུ་ ལེགས་འགྱུར་འགྱོ་འོང་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང དགའ་སྐྱིད་དང་འབྲེལ་བའི་ ལྟ་བ་དང་སྲིད་བྱུས་རིང་ལུགས་དེ་ འབྲུག་གིས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་ཡང་ གནད་དོན་དེ་ནང་ འགོ་ཁྲིད་འབད་ཡོདཔ་བཞིན་དུ་ འགོ་ཁྲིདཔ་སྦེ་ར་ གནས་ཚུགས་པའི་ འོས་འབབ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment