གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རོམ་ནི་དང་ ཨོ་བཱ་མ་གཉིས་ལས་ ག་བཙག་འཐུ་འགྲུབ་འོང་ག?

༥/༡༡/༢༠༡༢   སྲིད་འཛིན་བཱ་རག་ཨོ་བཱ་མ་དེ་ མི་མང་གི་ ཚོགས་རྒྱན་ནང་ལས་ ཕམ་ནི་གི་ འོས་འབབ་ཡོད་རུང་ བཙག་འཐུ་གྲུབ་མི་ འཐུས་མི་ཚུ་ལས་ ལོག་རྒྱལ་ཁ་འཐོབ་འོང་ཟེར་ཨིན་མས།

༉ ཨེ་མི་རི་ཀ་ལུ་ སྤྱི་ཟླ་༡༡ པའི་ཚེས་༦ རེས་གཟའ་ལྷག་པ་ལུ་ སྤྱིར་བཏང་བཙག་འཐུའི་ བྱ་རིམ་འགོ་འདྲེན་འཐབ་ནི་གི་ དུས་ཡུན་ཉིནམ་གཉིས་ལས་བརྒལ་མེདཔ་ཨིན་རུང་ ཨེ་མི་རི་ཀའི་ མི་སེར་མང་ཤོས་ཅིག་གིས་ར་ སྲིད་འཛིན་བཙག་འཐུ་དེ་ དོ་འགྲན་ཅན་ཅིག་འོང་ནི་བཟུམ་ཅིག་འདུག་ཟེར་ འཆར་སྣང་བཀོདཔ་ཨིན་པས།
རི་པཱབ་ལི་ཀཱན་གྱི་ སྲིད་འཛིན་འདེམས་ངོ་ མིཊ་རོམ་ནི་དང་ ཌེ་མོ་ཀེ་རེཊ་ལས་ སྲིད་འཛིན་བཱ་རག་ཨོ་བཱ་མ་གཉིས་ རྩོད་འགྲན་འབད་བའི་སྐབས་ཀྱི་མཐོང་སྣང་།

རི་པཱབ་ལི་ཀཱན་དང་ ཌེ་མོ་ཀེ་རེཊ་གི་ རྒྱབ་སྐྱོར་པ་ཚུ།

དེ་ཡང་ ཁོང་གི་ བསམ་འཆར་ལས་འབད་བ་ཅིན་ ད་ལྟོའི་སྲིད་འཛིན་ བཱ་རག་ ཨོ་བཱ་མ་དེ་ མི་རེ་རེ་བཞིན་དུའི་ ཚོགས་རྒྱན་ནམ་ མི་མང་ཚོགས་རྒྱན་ལས་ རྒྱལ་ཁ་ཐོབ་ནི་གི་ འོས་འབབ་མེདཔ་བཟུམ་སྦེ་ མཐོངམ་ཨིན་རུང་ བཙག་འཐུ་གྲུབ་མི་ སྤྱི་ཚོགས་གོང་འོག་གི་ འཐུས་མི་ཚུ་གིས་ ཚོགས་རྒྱན་སྐྱུར་ནི་ཨིན་མིའི་ནང་ རྒྱལ་ཁ་འཐོབ་ནི་ཨིནམ་ལས་ ཡང་བསྐྱར་སྲིད་འཛིན་སྦེ་ བཙག་འཐུ་འགྲུབ་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
སྤྱིར་བཏང་སྤྱི་ཚོགས་ཀྱི་བཙག་འཐུ་ དཔེ་འབད་བ་ཅིན་ འབྲུག་གི་དམངས་གཙོའི་རིང་ལུགས་ནང་ སྲིད་དོན་ཚོགས་པ་ག་གིས་ མང་མོས་ཀྱི་ ཚོགས་རྒྱན་ཐོབ་མི་དེ་གིས་ གཞུང་སྐྱོངམ་མ་ཚད་ བློན་ཆེན་ཡང་ རྒྱལ་ཁ་ཐོབ་མི་ སྲིད་ཚོགས་ལས་འབདཝ་ཨིན་རུང་ འཛམ་གླིང་ནང་ དམངས་གཙོའི་རིང་ལུགས་འགོ་བཙུགས་མི་ རྒྱལ་ཁབ་རྙིང་ཤོས་ཅིག་ཨིན་མི་ ཨེ་མི་རི་ཀའི་ བཙག་འཐུ་ལམ་ལུགས་དེ་ དམངས་གཙོའི་རྒྱལ་ཁབ་ག་དང་ཡང་མ་འདྲཝ་ཅིག་ཨིན་པས།
མི་མང་གིས་ སྔོན་བཤད་འབད་མི་བཟུམ་སྦེ་ གྲུབ་འབྲས་བྱུང་པ་ཅིན་ ཌེ་མོ་ཀེ་རེཊ་སྲིད་ཚོགས་ལས་ཨིན་མི་ སྲིན་འཛིན་ཨོ་བཱ་མ་དང་ དོ་འགྲན་འབད་མི་ རི་པཱབ་ལི་ཀཱན་གྱི་ སྲིད་འཛིན་འདེམས་ངོ་ མིཊ་རོམ་ནི་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ མི་མང་ཚོགས་རྒྱན་ཚུ་ལས་ རྒྱལ་ཁ་འཐོབ་ནི་ཨིན་རུང་ ཨེ་ལེག་ཊོ་རཱལ་ཀོ་ལེཇ་ཟེར་མི་ མི་སེར་སྐུ་ཚབ་སྦེ་ འཐུས་མི་ཚུ་གིས་ ཚོགས་རྒྱན་བཙུགས་ནི་ཨིན་མིའི་ནང་ ཨོ་བཱ་མ་ལས་ རྒྱལ་ཁ་འཐོབ་མི་ཚུགསཔ་འོང་ཟེར་ ཨེ་མི་རི་ཀའི་ མི་ཚུ་གིས་ སླབ་ཨིན་པས།
ད་རེས་ནངས་པའི་ ཚོགས་རྒྱན་ཆ་ཚོད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ སྲིད་འཛིན་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་གཉིས་ཆ་ར་ སྒྲིང་སྒྲིང་དང་ མི་མང་གི་ རྒྱབ་སྐྱོར་ཧ་ལམ་འདྲ་མཉམ་ཡོད་མི་ལུ་ལྟ་བ་ཅིན་ བཙག་འཐུའི་གྲུབ་འབྲས་དེ་ སྤྱི་ལོ་༢༠༠༠ བཟུམ་སྦེ་ འོང་ནི་བཟུམ་ མཐོངམ་མས་ཟེར་ ནིའུ་ཧེམ་ཤར་གཙུག་ལག་སློབ་སྡེའི་ མི་མང་བསམ་འཆར་བསྡུ་བཀོད་དང་ ཚོགས་རྒྱན་ལྟེ་བའི་མདོ་ཆེན་ ཨེན་ཌི་ ཨིསི་མིཐ་གིས་ བཤདཔ་ཨིན་པས།
ང་བཅས་ཀྱི་གདོང་ཁར་ ད་རུང་ སྤྲོ་སྣང་ཆེ་བའི་ རྒྱལ་རབས་ཅན་ཅིག་ འབྱུང་ནི་བཟུམ་མཐོངམ་མས་ཟེར་ མདོ་ཆེན་གྱིས་ སྤྱི་ལོ་༢༠༡༢ ཀྱི་བཙག་འཐུའི་དོན་ལུ་ འཛམ་གླིང་རྒྱལ་ཡོངས་ཀྱི་ གནས་ཚུལ་མཁནམ་༢༥ ལུ་ གསལ་བཤད་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༠ གི་ སྲིད་འཛིན་བཙག་འཐུའི་ནང་ ཌེ་མོ་ཀེ་རེཊ་གི་འདེམས་ངོ་ ཨཱལ་གོར་གྱིས་ མི་མང་གི་ ཚོགས་རྒྱན་ལས་ རྒྱལ་ཁ་ཐོབ་ཡོད་རུང་ བཙག་འཐུ་ལས་གྲུབ་མི་ འཐུས་མི་ཚུ་གི་ ཚོགས་རྒྱན་ནང་ལྷོདཔ་ད་ རི་པཱབ་ལི་ཀཱན་གྱི་ ཇོརཇ་བུཤ་གིས་ རྒྱལ་ཁ་ཐོབ་སྟེ་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་ནུག།
དེ་འབདཝ་ད་ སྤྱི་ལོ་༢༠༠༤ གི་བཙག་འཐུའི་ནང་ ཇོརཇ་བུཤ་གིས་ མི་མང་ཚོགས་རྒྱན་དང་ བཙག་འཐུ་གྲུབ་མི་ འཐུས་མི་ཚུ་གི་ ཚོགས་རྒྱན་གཉིས་ཆ་ར་ལས་ རྒྱལ་ཁ་ཐོབ་ནི་དེ་གིས་ དཀའ་ངལ་མ་ཐོནམ་ཨིན་པས།
ཨིན་རུང་ ད་རེས་ཀྱི་ ཚོགས་རྒྱན་ནང་ སྲིད་འཛིན་གྱི་ འདེམས་ངོ་གཉིས་ཆ་ར་ ཡོངས་གྲགས་འདྲན་འདྲ་ཡོདཔ་ལས་ སྲིད་འཛིན་ཨོ་བཱ་མ་གིས་ རྒྱལ་ཁ་ཐོབ་རུང་ བརྒྱ་ཆ་༡ དང་༢ དེ་ཅིག་ལས་ ཁྱད་པར་མི་འཐོན་འོང་ཟེར་ ཨེན་ཌི་ཨིསི་མིཐ་གིས་ བཤད་ཡོདཔ་ད་ དེ་བཟུམ་མའི་ མི་མང་གི་ ཚོགས་རྒྱན་ལས་ ཕམ་སོང་རུང་ བཙག་འཐུ་གྲུབ་མི་ འཐུས་མི་ཚུ་གི་ བཙག་འཐུའི་ནང་ རྒྱལ་ཁ་ཐོབ་མི་ དུས་རབས་༡༩ ལས་འགོ་བཙུགས་ སྲིད་འཛིན་བུཤ་རྩིས་ཏེ་ ད་ཚུན་གྱི་བར་ན་ སྲིད་འཛིན་༤ ལས་ལྷག་ མ་ཐོན་ཟེར་ཨིན་པས།
སྲིད་འཛིན་གྱི་ བཙག་འཐུ་དེ་ ཨེ་མི་རི་ཀའི་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ སྤྱི་ཟླ་༡༡ པའི་བདུན་ཕྲག་དང་པའི་ རེས་གཟའ་ལྷག་པ་ལུ་ ལོ་༤ གི་བར་ན་ཚར་རེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་བསྒང་ སྲིད་འཛིན་འོག་མ་དང་གཅིག་ཁར་ ཀོང་གེ་རིསི་དང་ སེ་ནེཊ་ཚོགས་ཁང་གི་འཐུས་མི་ དེ་ལས་ མངའ་སྡེའི་གཞུང་འཛིན་སྤྱི་ཁྱབ་དང་ ཚོགས་ཁང་གི་ འཐུས་མི་ཚུ་ བཙག་འཐུ་འབདཝ་ཨིན་པས།
ཨིན་རུང་ ཨེ་ལེ་ཊོ་རཱལ་ཀོ་ལེཇ་ཟེར་མི་ ཚོགས་ཁང་གོང་འོག་གཉིས་ཀྱི་ འཐུས་མི་བསྡོམས་༥༣༨ ཀྱིས་ སྲིད་འཛིན་མཐའ་བཅད་ཀྱི་ བཙག་འཐུ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་འབད་དོ་ཡོདཔ་ད་ བཙག་འཐུ་དེ་ཡང་ མངའ་སྡེ་༥༠ གི་འཐུས་མི་མང་ཉུང་དང་འཁྲིལ་ ཨིནམ་ལས་ རྣག་དག་ཅིག་མིན་འདུག་ཟེར་ སྐྱོན་བརྗོད་འབད་མི་ཚུ་གིས་ བཤདཔ་ཨིན་པས།
ཨིན་རུང་ རི་པཱབ་ལིག་སྲིད་ཚོགས་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ སླབ་མིའི་ནང་ མ་ས་ཅུ་སེཊ་གི་ གཞུང་འཛིན་སྤྱི་ཁྱབ་བགྲེསཔ་ མིཊ་རོམ་ནི་གིས་ བཙག་འཐུ་གཉིས་ཆ་ར་ལས་ རྒྱལ་ཁ་འཐོབ་ཚུགས་ཟེར་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ སྲིད་འཛིན་ཨོ་བཱ་མ་གི་འོག་ལུ་ ཨེ་མི་རི་ཀའི་ དཔལ་འབྱོར་གནས་སྟངས་ཡར་དྲག་མེན་པར་ ཧེང་སྐལ་ར་ སྐྱོ་དྲགས་ཡར་སོཔ་ལས་ མི་སེར་ཚུ་ དབུགས་འགམ་སྟེ་ཡོད་ནི་དེ་གིས་ཨིན་ཟེར་ ནིའུ་ཧེམ་ཤར་ལས་ རི་པཱབ་ལི་ཀཱན་གྱི་ རྒྱབ་སྐྱོར་པ་ རོན་མི་ནརཌ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
རོམ་ནི་དེ་ ཚོང་འབྲེལ་གྱི་ ལཱ་འབད་མི་ཅིག་ཨིནམ་ལས་ དཔལ་འབྱོར་གྱི་ གནས་སྟངས་ནང་ ཉམས་མྱོང་ཡོད་པའི་ཁར་ ད་རེས་ནངས་པ་ འཆར་དངུལ་གྱི་ དཀའ་ངལ་སྦོམ་ཐོན་ཡོད་མི་དེ་ཡང་ ཁོ་དང་ སྲིད་འཛིན་འོག་མའི་འདེམས་ངོ་ པ་འུར་ རེ་ཡཱན་གཉིས་ཀྱིས་ བསལ་ཚུགས་ཟེར་ ཁོ་གིས་ སླབ་ཨིན་པས།
ཨིན་རུང་ ཌེ་མོ་ཀེ་རེཊ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་འབད་བ་ཅིན་ རོམ་ནི་དེ་ དཔལ་འབྱོར་གནས་སྟངས་ ཡར་དྲག་བཟོ་ནིའི་ནང་  ལེགས་ཤོམ་འོང་ནི་ཨིན་རུང་ མི་སྡེའི་གནད་དོན་ཚུ་དང་ མི་སེར་གྱི་ སྟབས་བདེ་སྡུག་བསལ་ནི་དེ་ སྲིད་འཛིན་ཨོ་བཱ་མ་ར་ དྲག་འོང་་ཟེར་ཨིན་པས།
རི་པཱབ་ལི་ཀཱན་གྱི་ ལྟ་བ་དེ་ར་ མི་འབྱོར་པ་ཅན་དང་ ཆེ་རིམ་ཅན་ དེ་ལས་ ཚོང་པ་ཚུ་གི་ ཁྲལ་མར་ཕབ་འབད་དེ་ སྤྱིར་བཏང་མི་མང་གི་ སྐྱིད་སྡུག་བསལ་ནི་གི་ གཙོ་རིམ་མེདཔ་ལས་ ང་བཅས་ཀྱིས་ སྲིད་འཛིན་ཨོ་བཱ་མ་ལུ་ར་ ཚོགས་རྒྱན་བཙུགས་ནི་ཨིན་ཟེར་ ནིའུ་ཡོག་འུཌ་ས་ཡེཌ་ལས་ བེ་རེན་ མེག་ཀེ་ལེན་གྱིས་ སླབ་ཨིན་པས།
ཁ་ཙ་ སྲིད་འཛིན་ཨོ་བཱ་མ་དང་ སྲིད་འཛིན་བགྲེསཔ་བིལ་ཀི་ལིན་ཊཱོན་༢ ཀྱིས་ ནིའུ་ཧེམ་ཤར་གྱི་ཁྲོམ་སྡེ་ ཀཱོན་ཀཌ་ལུ་ བསྐུལ་བསྒྲགས་ལས་རིམ་ནང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།



ནིའུ་ཧོམ་ཤར་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment