གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་༢ ནང་ ད་རུང་ ཚོགས་པའི་ས་སྟོང་ཡོདཔ།

༥/༡༡/༢༠༡༢    ༉ སྤྱི་ཟླ་༡༡ པའི་ཚེས་༣ ལུ་ རྒྱལ་ཁབ་ཀྱི་ རྫོང་ཁག་༡༨ ཀྱི་ རྒེད་འོག་ཚོགས་པ་ བཙག་འཐུ་འབད་ཡོདཔ་བཞིན་དུ་ སྤུ་ན་རྫོང་ཁག་གི་ རྒེད་འོག་༣ ནང་ཡང་ བཙག་འཐུ་འབད་མིའི་ གྲུབ་འབྲས་སྙན་ཞུ་དང་འཁྲིལ་བ་ཅིན་ མགུ་མ་རྒེད་འོག་གི་ རྡོ་ཆུ་ཁ་ འཛོམས་གླིང་ཐང་ རི་རྩ་སྤྱི་འོག་གི་དོན་ལུ་ ཚོགས་པའི་འཐུ་མི་སྦེ་ བཅའ་མར་གཏོགས་མི་༡ ལས་བརྒལ་མེད་མི་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་པའི་སྐབས་ མི་དགོ་ཟེར་མི་ ཚོགས་རྒྱན་མང་ནི་དེ་གིས་ བཙག་འཐུ་གྲུབ་མ་ཚུགས།
ཚོགས་རྒྱན་བཙུགས་ཚར་ཏེ་ ལོག་ཐོན་འོང་མི་ སྐྱེས་ལོ་༦༦ ལང་མི་ པདྨ་དོན་གྲུབ།


དེ་ཡང་ སྐྱེས་ལོ་༣༧ ལང་མི་ རྡོ་རྗེ་དབང་མོ་གི་དོན་ལུ་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་མི་བསྡོམས་༥༣ ཐོན་མི་ལས་ དགོ་ཟེར་མི་ ཚོགས་རྒྱན་༡༢ དང་ མི་དགོ་ཟེར་མི་ ཚོགས་རྒྱན་༤༡ བཙུགས་ནི་དེ་གིས་ བཙག་འཐུ་གྲུབ་མ་ཚུགས་པ་ལས་ སྤྱི་འོག་དེ་གི་དོན་ལུ་ ཚོགས་པ་ཐོབ་མ་ཚུགས།
མ་གཞི་ སྤྱི་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༣༧ ཡོད་རུང་ གསང་བའི་ཚོགས་རྒྱན་ནང་ མི་གྲངས་༥༣ རྐྱངམ་གཅིག་གིས་ བཅའ་མར་གཏོགས་མི་ལུ་ལྟཝ་ད་ མི་ཚུ་ ཚོགས་རྒྱན་བཙུགས་ནི་ལུ་ སྤྲོ་བ་མེད་པའི་བརྡ་མཚོན་སྟོནམ་མས་ཟེར་ བཙག་འཐུའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཁོང་གིས་འབད་བ་ཅིན་ ཚོགས་པའི་བཙག་འཐུ་ཡང་ རྒཔོ་བཙག་འཐུ་འབད་དོ་བཟུམ་སྦེ་ར་ ཁག་ཆེཝ་ལས་ མི་ཚུ་གིས་ ངེས་པར་དུ་ བཅའ་མར་གཏོགས་དགོཔ་ཨིན་ཟེར་ཨིན་པས།
སྤྱི་འོག་གི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་དེ་ འཛོམས་གླིང་ཐང་ལུ་ བཟོ་ཡོདཔ་ད་ ས་གནས་དེ་ནང་ དྲོ་པའི་ཆུ་ཚད་༡༠ དང་༡༡ གི་བར་ན་ ཚོགས་རྒྱན་བཙུགས་པར་འོང་མི་༨ དེ་ཅིག་ལས་ མ་འོང་མི་དེ་ མང་ཤོས་ར་ ཁུ་རུ་ཐང་ཁྲོམ་ནང་ བདུན་མཐའི་ཚོད་བསྲེ་བཙོང་པར་ སོང་ཡོད་པའི་དོགས་པ་ ཡོདཔ་ཨིན་པས།
བཙག་འཐུའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་ ཉིན་མའི་ལྟོ་ བཟའ་ཚར་བའི་ཤུལ་ལས་ མང་སུ་འོང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒེད་འོག་གི་ས་གནས་ ལ་ཁུ་དང་ ཚོ་འོགམ་སྤྱི་འོག་གི་དོན་ལུ་ཡང་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་མེདཔ་བཞིན་དུ་ སྤྱི་འོག་ནང་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༡༧༧ ཡོད་མི་ལས་༤༣ ལས་བརྒལ་ ངོས་ལེན་འབད་མ་བཏུབ་ཨིན་པས།
སྤྱི་འོག་གི་དོན་ལུ་ འཐུས་མི་༢ ལས་ སྐྱེས་ལོ་༢༧ ལང་མི་ ནོར་བུ་ཚེ་རིང་གིས་ ཚོགས་རྒྱན་༣༠ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་ལུ་ དོ་འགྲན་འབད་མི་ སྐྱེས་ལོ་༣༥ ལང་མི་ འཆི་མེད་སྒྲོལ་མ་གིས་ ཚོགས་རྒྱན་༡༣ ལས་བརྒལ་ཐོབ་མ་ཚུགས་པས།
འཛོམས་མི་རྒེད་འོག་ གུབ་སྦྱིས་ རྩེད་ཀ་ཁ་སྤྱི་འོག་གི་དོན་ལུ་ སྐྱེས་ལོ་༣༡ ལང་མི་ ཀུན་ལེགས་བུ་དར་གྱིས་ དགོ་ཟེར་མི་ ཚོགས་རྒྱན་༥༥ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ མོ་ལུ་ མི་དགོ་ཟེར་མི་ ཚོགས་རྒྱན་༢༢ བཙུགས་ནུག།
རྒེད་འོག་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༥༣ ཡོད་རུང་ བཙག་འཐུ་ནང་ མི་གྲངས་༧༧ ལས་བརྒལ་ བཅའ་མར་གཏོགས་མི་ མེདཔ་ཨིན་པས།
དེ་བཟུམ་སྦེ་ ཤེལ་རྔ་སྦྱིས་མེད་རྒེད་འོག་གི་ མཐོངམ་སྦྱིས་སྤྱི་འོག་དོན་ལུ་ སྐྱེས་ལོ་༣༨ ལང་མི་ རྣམ་རྒྱལ་གྱིས་ དགོ་ཟེར་མི་ ཚོགས་རྒྱན་༥༨ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་ལུ་ མི་དགོ་ཟེར་མི་ ཚོགས་རྒྱན་བཙུགས་མི་༧ ལས་བརྒལ་མེདཔ་ཨིན་པས།
སྤྱི་འོག་དེ་ནང་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༡༤༠ ཡོད་རུང་ གསང་བའི་ཚོགས་རྒྱན་ནང་ མི་གྲངས་༦༥ གིས་བཅའ་མར་གཏོགས་མི་ལུ་ལྟ་བ་ཅིན་ གཞན་སྤྱི་འོག་ཚུ་དང་ཕྱདཔ་ད་ བཙགས་འཐུ་ནང་ བཅའ་མར་གཏོགས་མི་ ལེགས་ཤོམ་མེད་པའི་ བརྡ་མཚོན་སྟོནམ་ཨིན་པས།

སྟོང་ས་ནང་གཡུས་ཚན་ལས་ སྐྱེས་ལོ་༦༦ ལང་མི་ པདྨ་དོན་གྲུབ་ཀྱིས་འབད་བ་ཅིན་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་པར་ མ་འོང་མི་དེ་ བཙག་འཐུ་དེ་ འབྱ་བརྔ་ནིའི་དུས་ཚོད་དང་ ཁ་ཐུག་རྐྱབ་ནི་དེ་གིས་ ཨིན་མི་དེ་ཡང་ ཁོ་ར་ ཚོགས་རྒྱན་བཙུགས་པར་ འོང་པའི་སྐབས་ ཁྱིམ་ཚང་མང་ཤོས་ར་ ཞིང་ཚུ་ནི་ འབྱ་བརྔ་དེས་ཟེར་ཨིན་པས།
དེ་ལས་ མགར་ས་རྫོང་ཁག་ནང་འབད་བ་ཅིན་ ལུང་ནག་ནང་རྒེད་འོག་ ར་མི་ནང་དང་ དབུས་སུ་ནང་སྤྱི་འོག་གི་དོན་ལུ་ སྐྱེས་ལོ་༣༩ ལང་མི་ ཕུར་པ་གི་དོན་ལུ་ གསང་བའི་ཚོགས་རྒྱན་བཙུགས་མི་༡༡ གིས་ བཅའ་མར་གཏོགས་མིའི་གྲས་ལས་ དགོ་ཟེར་མི་ ཚོགས་རྒྱན་༡༠ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ཨིན།
སྤྱི་འོག་དེ་ནང་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༣༦ དེ་ཅིག་ཡོད་རུང་ མང་ཤོས་ཅིག་གིས་ བཅའ་མར་གཏོགས་མ་ཚུགས་མི་དེ་ དབུས་སུ་ནང་གི་ མི་ཚུ་གི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་དེ་ ལམ་ཐག་རིང་བའི་ཁར་ ཁཝ་རྐྱབ་ནི་དེ་གིས་ འོང་མ་ཚུགས་པས་ཟེར་ རྫོང་ཁག་བཙག་འཐུ་འགོ་དཔོན་ངོ་ཚབ་ རྡོ་རྗེ་དབང་འདུས་ཀྱིས་བཤད་ཅི།
དེ་ལས་ ཁ་སྟོད་རྒེད་འོག་ ཚེ་རིང་ཁ་སྤྱི་འོག་གི་དོན་ལུ་འབད་བ་ཅིན་ བཙག་འཐུའི་འཐུས་མི་སྦེ་ མི་༣ གྱིས་ བཅའ་མར་གཏོགས་མི་ལས་༢ ཀྱིས་ ཚོགས་རྒྱན་༡༢ རེ་ཐོབ་མི་ལུ་བརྟེན་ བཙག་འཐུ་གྲུབ་མ་ཚུགས་པས།
དེ་ཡང་ ཀརྨ་སྒྲོལ་མ་གིས་ ཚོགས་རྒྱན་འཕྲུལ་ཆས་ཀྱི་ཐོག་ལས་ ཚོགས་རྒྱན་༩ དང་ འགྲེམ་ཐོག་རྒྱན་ཤོག་གི་ཐོག་ལས་ཚོགས་རྒྱན་༣ ཐོབ་མི་དེ་གིས་ སྐྱེས་ལོ་༢༨ ལང་མི་ ཀུན་བཟང་འཕྲིན་ལས་ཀྱི་ ཚོགས་རྒྱན་འཕྲུལ་ཆས་ནང་ ཚོགས་རྒྱན་༡༢ ཐོབ་མི་དེ་དང་ འདྲན་འདྲ་ཨིནམ་ད་ ཚེ་དབང་བཟང་མོ་གིས་འབད་བ་ཅིན་ ཚོགས་རྒྱན་༥ ལས་བརྒལ་ ཐོབ་མ་ཚུགས་པས།
དབང་འདུས་ཕྲོ་བྲང་རྫོང་ཁག་གི་ རྒེད་འོག་ཚོགས་པའི་ས་སྟོང་ སྦྱེད་ནག་རྒེད་འོག་ བཀྲིས་ལྟོ་ཁ་སྤྱི་འོག་གི་དོན་ལུ་ སྐྱེས་ལོ་༢༥ ལང་མི་ འཐུས་མི་ཀུན་ལེགས་ཏའུ་ཅུང་གིས་ དགོ་ཟེར་མི་ ཚོགས་རྒྱན་༩༠ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་ལུ་ མི་དགོ་ཟེར་མི་ ཚོགས་རྒྱན་༡༤ ལས་བརྒལ་མ་བཙུགས་པས།
སྤྱི་འོག་དེ་ནང་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༢༥༦ ཡོད་མི་ལུ་བལྟ་བ་ཅིན་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་མི་ བརྒྱ་ཆ་ལས་༥༠ དེ་ཅིག་ འོང་ནི་མས་ཟེར་ བཙག་འཐུའི་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ད་ སྤྱི་འོག་དེ་ནང་ཡང་ ད་རེས་ འབྱ་བརྔ་བའི་དུས་ཚོད་ཨིན་པའི་གནས་ཚུལ།


སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment