གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་དགུན་གྱི་དུས་ཚོད་ལུ་ གློག་མེ་སྤྱོད་མི་ ཡར་སེང་འགྱོ་དོ་ཡོདཔ།

༦/༡༡/༢༠༡༢   ༉ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ཚོད་དཔག་འབད་མི་དང་འཁྲིལ་བ་ཅིན་ དུས་ཅི་གནམ་དགུན་ལུ་ རྒྱལ་ཁབ་ནང་ དངུལ་ཀྲམ་ས་ཡ་༡༠༠ དེ་ཅིག་གི་ གློག་མེ་ནང་འདྲེན་འབད་དགོཔ་ འཐོན་ནི་མས་ཟེར་ཨིན་པས།


འདི་བཟུམ་གྱི་ གློག་མེ་ནང་འདྲེན་འབད་མི་དེ་ དུས་ཅི་རྩིསཝ་ད་ རྒྱལ་ཁབ་ནང་ ཐེངས་༣ པ་ཨིནམ་ད་ འདས་པའི་ལོའི་ གནམ་དགུན་ལུ་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༣༠ དེ་ཅིག་མ་གཏོགས་ཡར་སེང་མ་སོངམ་ཨིན་མས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནམ་དགུན་གྱི་དུས་ཚོད་ལུ་ གློག་མེ་ནང་འདྲེན་ཡར་སེང་འབད་དགོཔ་ཐོན་མི་དེ་ གཞུང་གི་སྲིད་བྱུས་དང་འཁྲིལ་ སྤྱི་ལོ་༢༠༡༣ ལུ་ གྲོང་གསེབ་ཀྱི་ཁྱིམ་གུང་ཆ་མཉམ་ནང་ གློག་མེ་མཐུད་སྦྲེལ་འབད་ནི་གི་དམིགས་གཏད་ཨིནམ་ལས་ གློག་མེ་བཙུགས་མི་ མང་སུ་འཐོན་ནི་ཨིན་མི་ལུ་བརྟེན་ ནང་འཁོད་ཀྱི་ མཁོ་འདོད་ཡར་སེང་འགྱོ་འོང་ཟེར་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ གློག་མེ་གི་ནུས་ཤུགས་དེ་ བཅོག་ཐདཔ་སྦེ་སྡོད་འོང་ཟེར་ཨིནམ་ད་ དེ་ཡང་ གློག་མེ་ལས་འགུལ་ལེ་ཤ་ཅིག་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་མ་ཚད་ གྲོང་གསེབ་ནང་ལས་ཕར་ ཡར་རྒྱས་ཀྱི་འགྱུར་བ་དང་འཁྲིལ་ ལྟོ་འབད་ནི་དང་ ཁྱིམ་དྲོ་ཏོག་ཏོ་བཞག་ནི་ཚུ་ གློག་མེ་ཐོག་ལུ་འབད་མི་ལུ་བརྟེན་ གློག་མེ་སྤྱོད་མི་དེ་ ཡར་སེང་འགྱོཝ་མས་ཟེར་ མདོ་ཆེན་གྱིས་ སླབ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ ཐོ་བཀོད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༠ ལུ་ར་ ཁྱིམ་གུང་པ་༢༣༠༠༠ དེ་ཅིག་ནང་ གློག་མེ་བཙུགས་ནུག་ཟེར་ཨིནམ་ད་ ད་རུང་ ཁྱིམ་གུང་༢༠༠༠ དུས་ཅི་ གནམ་དགུན་མ་རྫོགསཔ་ལས་ བཙུགས་ཚརཝ་སྦེ་ འབད་ནི་ཟེར་ཨིན་པས།
འབྲུག་གློག་མེ་ལས་འཛིན་ལས་ མིང་སླབ་མ་བཏུབ་མི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གནམ་དགུན་ལུ་ གློག་མེ་ནང་འདྲེན་འབད་དགོཔ་ཐོན་མི་དེ་ གྲོང་གསེབ་ནང་ གློག་མེ་སྤྱོད་མི་མང་སུ་ཐོན་ནི་དེ་གིས་ ཁྱད་པར་བཟོཝ་མེན་པར་ གདུང་བསམ་རྩི་ས་གིས་ནུས་ཤུགས་སྤྱོད་ནི་འགོ་བཙུགས་ཡོདཔ་ལས་བརྟེན་ ནང་འདྲེན་ཡར་སེང་སོང་མི་དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་ཡང་ སང་ཕོད་ སྤྱི་ཟླ་༧ པ་ལས་ གདུང་བསམ་རྩི་ས་དེ་ ལཱ་འགོ་བཙུགས་པའི་བསྒང་ལས་ དུས་ཨ་རྟག་ར་ ནུས་ཤུགས་ མེ་གཱ་ཝཊ་༢༦ དེ་ཅིག་ སྤྱོད་ནི་ཨིན་པའི་ཚོད་དཔག་ཡོདཔ་ད་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ཡང་ གློག་མེ་མཁོ་འདོད་ཡར་སེང་འགྱོ་ནི་ཨིནམ་ལས་  ད་རེས་ནངས་པ་ ནུས་ཤུགས་མེ་ག་ཝཊ་༦༠ འབད་མི་ ཀུར་རི་ཆུ་རྐྱངམ་གཅིག་ལས་བརྒལ་མེད་ནི་དེ་གིས་ཨིན་པས།
ཀུར་རི་ཆུ་གློག་མེ་གིས་ གནམ་དགུན་གྱི་དུས་ཚོད་ཁར་ གློག་ཤུགས་མེ་ག་ཝཊ་༡༥ མར་འབབ་འགྱོ་དོ་ཡོད་རུང་ གདུང་བསམ་རྩི་ས་ རྐྱངམ་གཅིག་གིས་ སང་ཕོད་ལས་ ནུས་ཤུགས་མེ་ག་ཝཊ་༢༦ སྤྱོད་དགོཔ་འབྱུང་ནི་ཨིན་པས།
ཨིན་རུང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གནམ་དགུན་གྱི་དུས་ཚོད་ལུ་ གློག་མེའི་སྟབས་མ་བདེཝ་སེལ་ནིའི་དོན་ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ དངུལ་ཀྲམ་བྱེ་བ་༡.༢ གནས་པའི་ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ནའི་ གློག་མེའི་རྒྱུད་ཐག་བཙུགས་ཏེ་ ནུབ་ཕྱོགས་ལས་ ཤར་ཕྱོགས་ལུ་ མཐུད་སྦྲེལ་འབད་ཐོག་ལས་ གློག་མེའི་ཞབས་ཏོག་སྤྲོད་ཚུགས་པའི་ ཞིབ་དཔྱད་འབད་དོ་ཡོདཔ་ཨིན་པས།
གནམ་དགུན་གྱི་ དུས་ཚོད་ལུ་ གློག་མེ་ནང་འདྲེན་འབད་བའི་སྐབས་ སྤྱོད་འཐུས་ཀྱི་སྐོར་ལས་ཡང་ འབྲུག་གིས་ རྒྱ་གར་གྱི་མངའ་སྡེ་དང་གཅིག་ཁར་ ཁ་སླབ་པའི་བསྒང་ཡོདཔ་ད་ དུས་ཅི་ གནམ་བྱཱར་གྱི་དུས་ཚོད་ལུ་ཡང་ ཆུའི་དཀའ་ངལ་ལུ་བརྟེན་ ནུས་ཤུགས་མང་སུ་ལག་ལེན་འཐབ་ནི་ལུ་བར་ཆད་བྱུང་ཡོདཔ་ད་ སྤྱི་ཟླ་༧ པའི་ནང་ དར་ལ་གློག་མེ་གིས་ འཕྲུལ་ཨམ་ག་ར་ལཱ་འབད་མ་ཚུགས་པའི་ཁར་ དེ་བཟུམ་གྱི་དཀའ་ངལ་ལུ་བརྟེན་ འབྲུག་གི་ དཔལ་འབྱོར་ལུ་ཡང་ ཐོ་ཕོག་ནི་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment