གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡུ་ཨེསི་སྲིད་འཛིན་བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མི་ མར་འབབ་འགྱོ་ནི་གི་འོས་འབབ།

༦/༡༡/༢༠༡༢   ཁ་ཙ་ ནུབ་ཕྱེད་ཚུན་ཚོད་ སྲིད་འཛིན་གྱི་ འདེམས་ངོ་༢ ཀྱིས་ བསྐུལ་བསྒྲགས་འཕྲོ་མཐུད་དེ་ར་འབད་ཡོད་བའི་བསྒང་ཡོདཔ།
༉ ཨེ་མི་རི་ཀ་ལུ་ མི་རློབས་ས་ཡ་༣༡༡ ལྷགཔ་ཅིག་ཡོད་མི་ལས་ བརྒྱ་ཆ་༤༦ དེ་ཅིག་གིས་ རེས་གཟའ་ལྷག་པ་ སྤྱི་ཟླ་༡༡ པའི་ཚེས་༦ ལུ་ སྤྱི་ལོ་༢༠༡༢ ལོའི་ ཡུ་ཨེསི་སྲིད་འཛིན་བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་གི་ རེ་བ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༨ ཀྱི་ སྲིད་འཛིན་བཙག་འཐུ་དང་ཕྱདཔ་ད་ བརྒྱ་ཆ་༣ དེ་ཅིག་ མར་འབབ་འགྱོ་ནི་བཟུམ་འདུག་ཟེར་ བརྟག་དཔྱད་མཁས་པ་ཚུ་གིས་ སླབ་ཨིན་པས།
སྲིད་འཛིན་བགྲེསཔ་ བིལ་ཀི་ལིན་ཊཱོན་གྱིས་ ཨོ་བཱ་མའི་འཆར་གཞི་དང་ ལྟ་བ་ལུ་ རྒྱབ་སྐྱོར་ཡོད་ལུགས་ཀྱི་ མི་མང་གསལ་བཤད་འབད་བའི་བསྒང་།
ནིའུ་ཧེམ་ཤར་གྱི་རྒྱལ་ས་ ཀཱོན་ཀཱཌ་ལུ་སྦེ་ མི་མང་བསྐུལ་བསྒྲགས་འབད་བའི་བསྒང་།
སྲིད་འཛིན་ཨོ་བཱ་མ་གིས་ ཁོ་རའི་ ལྟ་བ་དང་གཞི་རྩ་ཚུ་ མི་མང་ལུ་ བཤད་པའི་བསྒང་།


སྲིད་འཛིན་བཙག་འཐུའི་ནང་ ད་ལྟོའི་སྲིད་འཛིན་ བཱ་རག་ཨོ་བཱ་མ་དང་ ཡང་ཅིན་ མ་ས་ཅུ་སེཊ་གི་ གཞུང་འཛིན་སྤྱི་ཁྱབ་བགྲེསཔ་ མིཊ་རོམ་ནི་གཉིས་ཀྱི་བར་ན་ དོ་འགྲན་སྦོམ་བྱུང་མི་ལུ་བརྟེན་ རྒྱལ་ཁ་ག་གིས་ཐོབ་རུང་ བརྒྱ་ཆ་༡ དང་༢ ཀྱི་ཁྱད་པར་རྐྱངམ་གཅིག་ འཐོན་འོང་ཟེར་ ཨེ་མི་རི་ཀཱན་ཚུ་གིས་ སླབ་ཨིན་པས།
ཨིན་རུང་ ཚོགས་རྒྱན་བཙུགས་མིའི་ཐད་ལུ་ སྤྱི་ལོ་༢༠༠༨ ལུ་ བརྒྱ་ཆ་༤༩ ཨིན་མི་དང་ཕྱདཔ་ད་ ད་རེས་ བརྒྱ་ཆ་༣ དེ་ཅིག་ མར་འབབ་འགྱོ་ནི་ཨིན་མིའི་ནང་ལས་ཡང་ ན་གཞོན་ཚུ་གི་ གྱངས་ཁ་མར་འབབ་འགྱོ་འོང་ཟེར་ ཌེ་མོ་ཀེ་རེཊ་སྲིད་ཚོགས་ཀྱི་དོན་ལུ་ མ་དངུལ་བཟོ་མི་དང་ ཀཱོན་ཀཱཌ་ལུ་ ཨིསི་ཊོ་ནི་སྒོ་ནོར་ཐོན་སྐྱེད་ལས་སྡེའི་ འཛིན་སྐྱོང་གཙེ་འཛིན་བགྲེསཔ་ ག་རི་ ཧིརསི་བཱག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ན་གཞོན་ཚུ་གིས་ སྤྱི་ལོ་༢༠༠༨ ཀྱི་ སྲིད་འཛིན་བཙག་འཐུ་བཟུམ་སྦེ་ བཙག་འཐུ་ལུ་ སྤྲོ་བ་མི་བསྐྱེད་པས་ཟེར་ཨིནམ་ད་ དེ་གིས་མ་དོ་བར་ སྲིད་ཚོགས་གཉིས་ལས་ ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ཐག་མ་བཅད་པར་ཡོད་མི་ མི་ངོ་ལེ་ཤ་ཡོད་ནི་དེ་གིས་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་མར་འབབ་འགྱོ་ནི་བཟུམ་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
ཨེ་མི་རི་ཀའི་ མི་རྩིས་ལས་སྡེའི་ སྙན་ཞུ་དང་འཁྲིལཝད་ སྤྱི་ལོ་༢༠༠༨ ཀྱི་ སྲིད་འཛིན་བཙག་འཐུའི་ནང་ ཨེ་མི་རི་ཀའི་མི་ས་ཡ་༡༣༡ དེ་ཅིག་གིས་ ཚོགས་རྒྱན་ནང་ བཅའ་མར་གཏོགས་ཡོད་མི་དེ་ སྤྱི་ལོ་༢༠༠༤ དང་ཕྱདཔ་ད་ ས་ཡ་༥ ཡར་སེང་སོང་ཡོདཔ་ཨིན་པས།
དེ་མ་ཚད་ སྲིད་འཛིན་ཨོ་བཱ་མ་ལུ་ ཚོགས་རྒྱན་བཙུགས་མི་ ན་གཞོན་མངམ་ ཐོན་ནི་དེ་གིས་ཨིན་པས།
ཨིན་རུང་ སྲིད་འཛིན་བཙག་འཐུ་དེ་ ཡུ་ཨེསི་ལུ་ རེས་གཟའ་ལྷག་པ་ལུ་ འགོ་འདྲེན་འཐབ་ནི་ཨིན་རུང་ ཁ་ཙ་ཚུན་ཚོད་ སྲིད་འཛིན་ཨོ་བཱ་མ་དང་ ཁོ་གི་བྱང་ཕྱད་ མིཊ་རོམ་ནི་གིས་ བསྐུལ་བསྒྲགས་འཕྲོ་མཐུད་དེ་ར་ འབད་ཡོདཔ་ད་ རོམ་ནེ་གིས་ ཁོ་རའི་ཚོགས་རྒྱན་དེ་ མ་ས་ཅུ་སེཊ་གི་ཁྲོམ་སྡེ་ བཱོསི་ཊཱོན་ལུ་ བཙུགས་ནི་ཨིན་རུང་ སྲིད་འཛིན་ཨོ་བཱ་མ་གིས་ ཁོ་རའི་ཚོགས་རྒྱན་དེ་ བདུན་ཕྲག་༡ ལྷགཔ་ཅིག་གི་ཧེ་མར་ ཅི་ཀ་གོ་ལུ་ བཙུགས་ཐོག་ལས་ བཙག་འཐུའི་ཧེ་མར་ ཚོགས་རྒྱན་བཙུགས་མི་ སྲིད་འཛིན་དང་པ་སྦེ་ རྒྱལ་རབས་ནང་ ཚུད་ཡོདཔ་ཨིན་པས།
སྲིད་འཛིན་ཨོ་བཱ་མ་གིས་ སྤྱི་ཟླ་༡༡ པའི་ཚེས་༤ ལུ་ ནིའུ་ཧེམ་ཤར་གྱི་རྒྱལ་ས་ ཀཱོན་ཀཱཌ་ལུ་ མི་མང་བསྐུལ་བསྒྲགས་འབད་སར་ སྲིད་འཛིན་བགྲེསཔ་བིལ་ཀི་ལིན་ཊཱོན་གྱིས་ཡང་ ཨོ་བཱ་མའི་འཆར་གཞི་དང་ ལྟ་བ་ལུ་ རྒྱབ་སྐྱོར་ཡོདཔ་ལས་ རྒྱལ་ཁབ་དེ་ མདུན་ལམ་ལུ་ ཞུགས་དགོ་པ་ཅིན་ ཨོ་བཱ་མ་ལུ་ ཚོགས་རྒྱན་བཙུགས་ཐོག་ལས་ ལོག་སྲིད་འཛིན་སྦེ་ བཙག་འཐུ་འགྲུབ་དགོཔ་དེ་ གལ་ཆེ་བའི་སྐོར་ གསལ་བཤད་འབད་ཡོད་པའི་གནས་ཚུལ།


མ་ས་ཅུ་སེཊ་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment