གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སག་སྟེང་རྒེད་འོག་ནང་ རྩྭ་འབྲོག་གི་ རྩོད་རྙོགས་ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོདཔ།

༧/༡༡/༢༠༡༢   ༉ བཀྲིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ ཁྲག་ཁྲི་དང་ ནམ་ཐེང་སྤྱི་འོག་གཉིས་ཀྱི་བར་ན་ རྩྭ་འབྲོག་གི་ རྩོད་རྙོགས་སྐོར་ སག་སྟེང་རྒཔོ་ཚེ་དབང་ཚེ་རིང་གིས་ སྤྱི་ཟླ་༡༡ པའི་ཚེས་༥ འི་ཕྱི་རུ་ ཆུ་ཚོད་༤ ལྷག་སྟེ་ རྩོད་རྙོགས་དེ་གི་སྐོར་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནི་ལུ་དམིགས་ཏེ་ ལཱ་འབད་རུང་ གྲུབ་འབྲས་བཏོན་མ་ཚུགསཔ་ཨིན་པས།
སག་སྟེང་གི་ རྩྭ་ཐང་ཅིག་ནང་ རྟ་ཚུ་ རྩྭ་ཟ་སྡོད་པའི་བསྒང་།


དེ་ཡང་ སྤྱི་འོག་གཉིས་ཀྱི་ མི་སེར་ཚུ་གི་ རྩྭ་འབྲོག་གི་ རྩོད་རྙོགས་སྐོར་ ནང་འགྲིགས་རྐྱབ་སྟེ་ བསལ་ཚུགསཔ་བཟོ་ནིའི་དོན་ལུ་ དེ་ཚེ་དྲོ་པ་ཆུ་ཚོད་ཕྱེད་དང་༩ ལས་ འགོ་བཙུགས་ཏེ་ ཉིནམ་གཅིག་གི་རིང་ ཕན་ཚུན་ གྲོས་བསྟུན་འབད་ཡོད་རུང་ ནང་འགྲིགས་རྐྱབ་མ་ཚུགས་ཟེར་ རྒཔོ་གིས་ སླབ་ཨིན་པས།
རྒཔོ་ཚེ་དབང་ཚེ་རིང་འདི་ སྤྱི་ལོ་༢༠༡༡ ལུ་ རྒཔོ་གི་གོ་གནས་ཐོབ་པའི་ཤུལ་ལུ་ རྒེད་འོག་དེ་ནང་ རྩྭ་འབྲོག་གི་ རྩོད་རྙོགས་༣༠ དེ་ཅིག་ ཕན་ཚུན་བདེ་ཏོག་ཏོ་བཟོ་ནིའི་ རྩ་འགེངས་ཏེ་ ལཱ་འབད་ཡོདཔ་ཨིན་རུང་ རྩོད་རྙོགས་གཅིག་ཡང་ བསལ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
གཡུས་སྒོའི་ འགོ་ཁྲིདཔ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༧ གི་ལོ་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ སའི་བཅའ་ཁྲིམས་བཟོ་གནང་པའི་ཤུལ་ལུ་ རྩྭ་འབྲོག་གི་ རྩོད་རྙོགས་ཚུ་ ཐོན་ནི་འགོ་བཙུགས་ཅི་ཟེར་ ཨིན་པས།
ནམ་ཐེང་སྤྱི་འོག་གི་ རྩྭ་འབྲོག་གི་ ཁྲམ་ཡོད་མི་ཚུ་གིས་ འབད་བ་ཅིན་ རྩྭ་འབྲོག་དེ་ སྤྱི་འོག་གི་ ས་ཁོངས་ནང་ཚུད་ཡོདཔ་ལས་ རྩྭ་འབྲོག་གི་ ཐོབ་དབང་དེ་ ཁོང་ལུ་ཡོད་ཟེར་ ཨིནམ་ད་ ཁྲག་ཁྲི་སྤྱི་འོག་གི་ ནོར་འཚོ་མི་ཚུ་གིས་ འབད་བ་ཅིན་ སྤྱི་ལོ་༢༠༠༧ ལུ་ སའི་བཅའ་ཁྲིམས་དེ་ བཟོ་བའི་ཤུལ་ལུ་ མི་ག་ལུ་ཡང་ རྩྭ་འབྲོག་ཚུ་ ཐོབ་དབང་མེདཔ་ལས་ མི་ག་གིས་འབད་རུང་ ལག་ལེན་འཐབ་ཆོག་ཟེར་ ཨིན་པས།
སའི་བཅའ་ཁྲིམས་༢༠༠༧ ཅན་མ་དེ་ ཆ་འཇོག་གནང་པའི་ཤུལ་ལུ་ མེ་རག་དང་ སག་སྟེང་གི་ ནོར་འཚོ་མི་ཚུ་གི་བར་ན་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཐོན་ནི་འགོ་བཙུགས་ཡོདཔ་ད་ སའི་བཅའ་ཁྲིམས་༢༠༠༧ ཅན་མ་དེ་ ལེགས་བཅོས་འབད་ནི་ཨིནམ་ལས་ ད་ལྟོ་ སྒྲིག་གཞི་དང་ གནས་ཚད་ གཏན་གཏན་མེདཔ་ལས་ མགུ་འཐོམ་སྟེ་ སྡོད་དོ་ཡོདཔ་ཨིན་པས།
མེ་རག་རྒེད་འོག་གི་ འགོ་དཔོན་ཚུ་གིས་ འབད་བ་ཅིན་ རྒེད་འོག་དེ་ནང་ རྩྭ་འབྲོག་གི་ རྩོད་རྙོགས་སྐོར་ལས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དེ་ ཉིན་བསྟར་བཞིན་དུ་ ཐོན་ཏེ་ར་ ཡོད་ཟེར་ ཨིན་པས།
མེ་རག་རྒེད་འོག་ལས་ གཡག་འཚོ་མི་ ཕུར་པ་གིས་ སླབ་མི་དང་འཁྲིལཝ་ད་ ཧེ་མ་ མེ་རག་དང་ སག་སྟེང་གི་ ནོར་འཚོ་མི་དང་ མི་སེར་ཚུ་གི་ བར་ན་ མཐུན་ལམ་ལེགས་ཤོམ་ཡོདཔ་མ་ཚད་ དགའ་ཏོག་ཏོ་སྦེ་ སྡོད་ནི་ཡོདཔ་ཨིན་རུང་ ད་རེས་ སའི་བཅའ་ཁྲིམས་དེ་ལུ་བརྟེན་ མཐུན་ལམ་དང་ ཧེ་མ་ བདེ་ཏོག་ཏོ་ཡོད་མི་དེ་ བར་རྐྱེན་རྐྱབ་སྟེ་ རྩྭ་འབྲོག་གི་ རྩོད་རྙོགས་དེ་གིས་ སྟབས་མ་བདེཝ་སྦོམ་ཐོན་དོ་ཟེར་ ཨིན་པས།
ཉིན་བསྟར་བཞིན་དུ་ རྩྭ་འབྲོག་ཚུ་གི་ རྩོད་རྙོགས་ཐོན་མིའི་དཀའ་ངལ་བསལ་མ་ཚུགས་མི་དེ་ རྒེད་འོག་དང་ དྲུང་ཁག་ དེ་ལས་ རྫོང་ཁག་གི་ ཁ་ཐུག་ལས་ ལེགས་ཤོམ་སྦེ་ རྩོད་རྙོགས་བསལ་མ་ཚུགསཔ་ལས་ ཨིན་པས།
མེ་རག་ལས་ ནོར་འཚོ་སྡོད་མི་ བླམ་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་  རྩོད་རྙོགས་ཐོན་དགོ་པའི་ གནད་དོན་ངོ་མ་ར་ མི་སེར་ཚུ་གིས་ ཧམ་འཛུལ་གྱི་ཐོག་ལས་ ལཱ་འབད་བའི་སྐབས་ ཐོན་དོ་ཡོདཔ་ད་ དེ་སྦེ་འབད་མི་ལུ་ ཁྲིམས་ལུགས་སྒྲིང་སྒྲིང་མེདཔ་ལས་ ཧེ་མ་ བདག་དབང་བཟུང་ཡོད་པའི་ རྩྭ་འབྲོག་ཚུ་ནང་ ཁོང་གི་ ནོར་ཚུ་བདའ་སྟེ་ ལོངས་སུ་སྤྱོདཔ་ད་ བྱུངམ་མས་ཟེར་ ཨིན་པས།
དེ་འབདཝ་ལས་ ལྡོག་ཕྱོགས་ཚོགས་པ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ མཇུག་གི་ ཚོགས་ཐེངས་ནང་ རྩྭ་འབྲོག་དེ་གི་སྐོར་ གྲོས་བསྟུན་ལེགས་ཤོམ་གནང་སྟེ་ རྩོད་རྙོགས་ཚུ་ བསལ་ཚུགས་པའི་རེ་བ་དང་ སྨོན་ལམ་བཏབ་དོ་ཟེར་ སག་སྟེང་རྒཔོ་ཚེ་དབང་ཚེ་རིང་གིས་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment