གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲུ་ཆུང་གི་ ཞབས་ཏོག་ལུ་བརྟེན་ མའུ་ཁོ་ལ་གཙང་ཆུ་བརྒལ་མི་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ།

༧/༡༡/༢༠༡༢   ད་ལས་ཕར་ ས་གནས་ཀྱི་མི་ཚུ་གིས་ར་ གྲུ་ཆུང་ལག་ལེན་ཐོག་ གཡུས་མི་ཚུ་ལུ་ ཞབས་ཏོག་བྱིན་དོ་ཡོདཔ།

༉ དགེ་ལེགས་ཕུ་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ཡོད་མི་ མའུ་ཁོ་ལ་གཙང་ཆུ་དེ་ གནམ་བྱཱར་ཨ་རྟག་ར་ བྲེས་ཏེ་ལུང་གཤོང་ལྟེམ་ལྟེ་སྦེ་ གང་དོ་ཡོདཔ་ད་ ད་ཚུན་ལུ་ ཆུ་ཕར་ཁར་ཡོད་པའི་ ཆུ་གཟར་སྒང་རྒེད་འོག་དང་ ཨུམ་གླིང་ སྟ་རེས་ཐང་རྒེད་འོག་༣ ནང་སྡོད་མི་ཚུ་ལུ་ ཆུ་བརྒལ་ནིའི་དོན་ལུ་ གྲུ་ཆུང་དེ་ མེད་ཐབས་མེདཔ་ཅིག་ཨིན་པས།
ས་གནས་ཀྱི་མི་ཚུ་ གྲུ་ནང་འཛུལ་འགྱོ་བའི་བསྒང་།


དེ་འབདཝ་ལས་ གནམ་བྱཱར་ལས་ གནམ་དགུན་འགོ་བཙུགས་ཁམས་ཚུན་ གྲུ་ནང་འགྱོ་དོ་ཡོདཔ་ལས་ ད་ཚུན་ལུ་ ས་གནས་ཀྱི་མི་སེར་ཚུ་ལུ་ གྲུའི་ཞབས་ཏོག་དེ་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ དཱད་གཱ་རི་ལས་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ བྱིན་ཡོད་རུང་ དུས་ཅི་ལས་ ས་གནས་ཀྱི་འབྲུག་མི་ཚུ་གིས་ ལེན་ཡོདཔ་ད་ ས་གནས་ཀྱི་མི་ཚུ་ཡང་ སྦྱོང་བརྡར་ཚུ་བྱིན་ཞིནམ་ལས་ འདས་པའི་ཟླ་ངོ་༣ དེ་ཅིག་གི་ཧེ་མ་ལས་ སྤྲོད་ཡོདཔ་ཨིན་པས།
གནམ་བྱཱར་ལུ་འབད་བ་ཅིན་ གཙང་ཆུའི་མཐའ་མར་གྲུ་༣ དེ་རེ་ བཙུགས་བཞག་ནི་ཡོད་རུང་ ད་རེས་ནངས་པ་ གནམ་དགུན་རནམ་དང་གཅིག་ཁར་ གྲུ་༢ ལས་མེདཔ་ད་ དེ་གིས་ གྲུའི་ཇོ་བདག་དང་ ས་གནས་ཀྱི་མི་སེར་ཚུ་ལུ་ སྟབས་བདེ་ཏོག་ཏོ་བྱུང་ཡོདཔ་ཨིན་པས།
གྲུའི་ཇོ་བདག་ཨིན་མི་ ཆུ་གཟར་སྒང་སྨད་ལས་ཨིན་མི་ སྐྱེས་ལོ་༤༨ ལང་མི་ བཱལ་བྷ་དུར་གྱིས་ སླབ་མིའི་ནང་ ཞབས་ཏོག་དེ་ ཁོ་གིས་ ལེན་པའི་ཤུལ་ལུ་ ཁོ་ལུ་ འོང་འབབ་ཡང་བཟོ་ཚུགས་པའི་ཁར་ མི་སེར་གྱི་ ཞབས་ཏོག་ཡང་ལེགས་ཤོམ་སྦེ་ ཞུ་དོ་ཟེར་ཨིན་པས།
འཕྲལ་ཁམས་ཚུན་ གྲུ་ནང་འཛུལ་མི་ ཆུ་ཕར་ཚུར་བརྒལ་མི་ ཉིན་བསྟར་བཞིན་དུ་ མི་༡༠༠ དང་༡༥༠ འི་བར་ན་ འོང་དོ་ཡོདཔ་ད་ ཁོ་གིས་ ཆུ་ཕྱོགས་ཅིག་བརྒལ་ནི་ལུ་ འགྲུལ་པ་རེ་རེ་ལས་ དངུལ་ཀྲམ་༡༥ རེ་ ལེན་དོ་ཡོདཔ་ཨིན་པས།
བཱལ་བྷ་དུར་དང་ ཀ་ལི་ཁོ་ལ་ལས་ འབྲུག་གི་ གྲུ་མཁན་ཅིག་གིས་ ད་རུང་ ས་གནས་ཀྱི་མི་༩ དེ་ཅིག་ གྲུ་གཏང་ནིའི་སྦྱོང་བརྡར་བྱིན་ཏེ་ཡོདཔ་ད་ གནམ་བྱཱར་ལུ་ ཁོང་ཆ་མཉམ་ གྲུ་གཏང་དོ་ཡོད་རུང་ གནམ་དགུན་ལུ་འབད་བ་ཅིན་ གྲུ་༢ ནང་ ཁོང་༤ ལས་མེདཔ་ཨིན་པས།
ཤིང་གི་གྲུ་དེ་ཡང་ བཱལ་བྷ་དུར་དང་ ཁོ་གི་ཨ་པ་གིས་ ཧེ་མ་ རྒྱ་གར་གྱི་ མི་ཚུ་ལུ་ཡོད་པའི་ གྲུ་ལུ་དཔེ་ལྟ་སྟེ་བཟོ་ཡོདཔ་ད་ དེ་ནང་ མཐོ་ཤོས་འགྲུལཔ་༡༦ དེ་ཅིག་ ཤོང་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་དྲུང་པ་ པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ གྲུའི་ཞབས་ཏོག་དེ་ ས་གནས་ཀྱི་མི་ཚུ་ལུ་ བྱིན་དགོ་མི་དེ་ཡང་ མི་སེར་ཚུ་ལུ་ འོང་འབབ་བཟོ་བཅུག་ནི་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།
མ་གཞི་ རྒེད་འོག་༣ ནང་ སོ་ནམ་ཞིང་ལམ་ལྷོད་ཡོདཔ་ད་ ད་ལྟོ་ གནམ་དགུན་ལུ་འབད་བ་ཅིན་ སྣུམ་འཁོར་ཆེ་བ་དང་ བོ་ལེ་རོ་ཚུ་ཐལ་དོ་ཡོད་རུང་ མི་སེར་མང་ཤོས་ཅིག་གིས་ གྲུ་དེ་ལག་ལེན་འཐབ་མི་དེ་ཡང་ འཐུས་ཁེ་ཏོག་ཏོ་ཡོད་ནི་དེ་གིས་ཨིན་པས།
ཨུམ་གླིང་གཡུས་ཚན་ནང་ལས་ སྐྱེས་ལོ་༨༠ ལང་མི་ འགྲུལཔ་ནམ་མཁའ་ལྷ་མོ་གིས་ ཉེ་འདབས་ཀྱི་ དགེ་ལེགས་ཕུག་ཁྲོམ་ཁར་ བདུན་ཕྲག་རེ་ནང་ ཚར་༢ དེ་ཅིག་འགྱོ་དོ་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ ཕར་ཚུར་འགྲོ་འགྲུལ་འབདཝ་ད་ ཨ་རྟག་ར་ གྲུ་ལག་ལེན་འཐབ་མི་དེ་ འཐུས་འཇམ་ཏོང་ཏོ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
ད་རུང་ རྒེད་འོག་དེ་ནང་ལས་ར་ཨིན་མི་ ཁྲོམ་ཁར་ བདུན་ཕྲག་རེ་ནང་ ཚར་༣ དེ་ཅིག་འགྱོ་དོ་ཡོད་མི་ ཚེ་རིང་སྒྲོལ་མ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ཁྲོམ་ལས་ ཨུམ་གླིང་ཚུན་ བོ་ལེ་རོ་གླ་འཁོར་ཅིག་ མཁོ་མངགས་འབད་ནི་ལུ་ གླ་ཆ་དངུལ་ཀྲམ་༢,༥༠༠ དེ་ཅིག་ གནས་དོ་ཡོདཔ་ལས་ གྲུ་ནང་འགྱོ་ནི་དེ་ ཁེ་ཕན་ཆེ་བའི་ཁར་ ནམ་དགོ་རུང་ ཐོབ་ཆོག་ཆོ་འདུག་ཟེར་ཨིན་པས།
ས་གནས་ཀྱི་ མི་ཆ་མཉམ་གྱིས་ གྲུ་པ་ཚུ་ངོ་ཤེས་དོ་ཡོདཔ་ད་ འཕྲལ་འཕྲལ་ནུབ་མོའི་དུས་ཚོད་ལུ་ ནདཔ་རེ་བསྐྱལ་བར་འགྱོ་ནི་ལུ་ཡང་ འགྲུལ་འཕྲིན་གཏང་སྟེ་ གྲུ་པ་ཚུ་ འབོ་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་མི་སེར་ཚུ་ མང་ཤོས་ཁྲོམ་ཁར་འགྱོ་དགོ་མི་དེ་ཡང་ གཙོ་བོ་ཚོད་བསྲེ་དང་ཟ་འཐུང་གི་རིགས་ ཉོ་བར་འགྱོ་དོ་ཡོད་མི་དེ་ཡང་ ཉེ་འདབས་ལུ་ ཚོང་ཁང་ཅིག་ཡང་མེདཔ་ཨིན་པས།
ཨིན་རུང་ གྲུ་པ་བཱལ་བྷ་དུར་གྱིས་ སླབ་མིའི་ནང་ ད་རེས་ནངས་པ་ ཆུ་ཆུང་ཀུ་འགྱོ་མི་ལུ་བརྟེན་ ས་གནས་ཀྱི་ མི་ལ་ལུ་ཅིག་གིས་ མི་༥ དང་༥ འབད་མི་སྡེ་ཚན་བཟོ་སྟེ་ ཆུ་བརྒལ་འགྱོ་དོ་ཡོད་མི་ལུ་བརྟེན་ གྲུ་ནང་འགྱོ་མིའི་གྱངས་ཁ་ མར་ཕབ་སོང་སྟེ་ཡོདཔ་ལས་ ཞབས་ཏོག་དེ་བཀག་ནིའི་དོན་ལུ་ དྲུང་ཁག་གི་གནང་བ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གི་འོག་ལུ་ ཟླ་རིམ་བཞིན་དུ་ གླ་འཐུས་དངུལ་ཀྲམ་༨,༠༠༠ རེ་སྤྲོད་དེ་བཞག་ཡོད་པའི་ གྲུ་གཏང་མི་༣ ཡོདཔ་ལས་ འགྲུལ་པ་མར་ཕབ་འགྱོ་མི་ལུ་བརྟེན་ རྒུད་ཕོག་ནིའི་ཉེན་ཁ་ཡོདཔ་ལས་ ཁོ་དང་གྲུ་པ་ཆ་རོགས་ཚུ་ ལོག་གཡུས་ཁར་སོང་སྟེ་ གནམ་དགུན་གྱི་ ལོ་ཐོག་ཚུ་གི་ལཱ་འབད་བར་ འགྱོ་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རེས་ནངས་པ་ དྲུང་ཁག་དང་ རྒེད་འོག་འགོ་དཔོན་ཚུ་གིས་ གནམ་དགུན་ཨ་རྟག་ར་ རྐྱབ་སྲོལ་ཡོད་པའི་ ཁག་༢ སྦེ་སྤེལ་ཡོད་པའི་ མའུ་ཁོ་ལས་གཙང་ཆུ་གུ་ལས་ ས་གནས་ཁག་༢ ནང་ གནས་སྐབས་ཀྱི་ ཤིང་ཟམ་༤ རྐྱབ་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།


དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment