གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔལ་འབྱོར་ཡར་དྲག་གཏང་ནི་དང་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ནི།

༡༣/༡༡/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་ ཨ་ཞེ་བདེ་སྐྱིད་དབྱངས་འཛོམས་དབང་ཕྱུག་མཆོག་གིས་ འཛམ་གླིང་ཚོང་རིག་བདུན་ཕྲག་ འགོ་འབྱེད་གནང་ཡི།

ཁ་ཙ་ ཨ་ཞེ་བདེ་སྐྱིད་དབྱངས་འཛོམས་དབང་ཕྱུག་མཆོག་གིས་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་ འཛམ་གླིང་ཚོང་རིག་བདུན་ཕྲག་ འགོ་འབྱེད་གནང་པའི་བསྒང་།

དེ་བསྒང་ ཨ་ཞེ་པདྨ་ཆོས་སྒྲོན་དབང་ཕྱུག་མཆོག་དང་ གཞུང་གི་ ཆེ་རིམ་འགོ་དཔོན་ཚུ་གིས་གཙོས་པའི་ གཞུང་མིན་ཚོགས་པ་ གཞུང་འབྲེལ་ཚོང་སྡེའི་འགོ་ཁྲིདཔ་ ཕྱི་རྒྱལ་གྱི་ཁྱད་རིགཔ་ སྒེར་སྡེའི་ཚོང་པ་ དེ་ལས་ ན་གཞོན་ཚུ་གིས་ བཅའ་མར་གཏོགས་ཡི།
འཛམ་གླིང་ཚོང་རིག་བདུན་ཕྲག་དེ་ འཛམ་གླིང་རྒྱལ་ཁབ་༡༣༠ དང་གཅིག་ཁར་ འབྲུག་རྒྱལ་ཁབ་ནང་ ད་རེས་ འགོ་དང་པ་ བརྩི་སྲུང་འབདཝ་ཨིནམ་ད་ ལས་རིམ་དེ་ འབྲུག་བློ་ལྡན་གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བློ་ལྡན་གཞི་ཚོགས་ཀྱི་མདོ་ཆེན་ ཌོག་ཊར་ ཀརྨ་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ཚོང་རིག་བདུན་ཕྲག་ བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་དེ་ཡང་ རྒྱལ་ཁབ་ནང་ དཔལ་འབྱོར་ཡར་དྲག་གཏང་ནི་དང་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ སེལ་ཐབས་འབད་ནི་ལུ་ ཨིན་ཟེར་ཨིན་པས།
དེ་དང་གཅིག་ཁར་ ན་གཞོན་ཚུ་གིས་ ཚོང་རིག་གི་སྐོར་ལས་ མནོ་བསམ་བཏང་ཐངས་དང་ རིག་པ་བཏོན་ཐངས་ དེ་ལས་ ཚོང་རིག་གི་ལཱ་ འགོ་བརྩམ་ཐངས་ཀྱི་སྐོར་ལས་ ཚོང་རིག་དང་འབྲེལ་བའི་ ཤེས་ཡོན་དང་ ཉམས་མྱོང་ཚུ་ དར་ཁྱབ་དང་ གོང་འཕེལ་གཏང་ཚུགས་པའི་ རེ་བ་ཨིན་པས།
གཞི་ཚོགས་ཀྱི་ མདོ་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ན་གཞོན་ཚུ་གི་དོན་ལུ་ བློ་ལྡན་ཚོང་རིག་གི་ལས་རིམ་ ཆུང་ཀུ་ཅིག་བཙུགས་ཏེ་ ལོ་༥ ལང་ཡི་ཟེར་ཨིནམ་ད་ ཚོང་རིག་སྐོར་ལས་ མ་ཤེས་མི་ ན་གཞོན་དང་ མི་མང་ལུ་ གོ་བརྡ་སྤྲོད་ནི་ཨིན་ཟེར་ཨིན་པས།
འགོ་འབྱེད་སྐབས་ ཨ་ཞེ་བདེ་སྐྱིད་དབྱངས་འཛོམས་དབང་ཕྱུག་མཆོག་གིས་ བློ་ལྡན་གཞི་ཚོགས་ཀྱིས་ ལས་རིམ་འགོ་འདྲེན་འཐབ་མི་ལུ་ ངལ་རང་ཡོད་ཟེར་ གསུངས་གནང་ཡི།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ ཚོང་རིག་ཚུ་ ག་དེ་སྦེ་ ཁག་ཆེཝ་ཨིན་ནའི་སྐོར་ལས་ གསལ་བཤད་གནང་པ་གིས་མ་ཚད་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ འཛམ་གླིང་ནང་ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ཏེ་ ཚོང་རིག་གི་ཉིནམ་ བརྩི་སྲུང་འབད་དེ་ ལོ་༥ དེ་ཅིག་ ལང་ནུག་ཟེར་ཨིན་པས།
ལས་གཡོག་བློན་པོ་གིས་ བཤད་མིའི་ནང་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ སྒྲིང་སྒྲིང་སྦེ་ བཞག་དགོ་པ་ཅིན་ གཙོ་བོ་དཔལ་འབྱོར་གོང་འཕེལ་ལུ་ རག་ལས་དགོ་ཟེར་ཨིནམ་ད་ དཔལ་འབྱོར་གོང་འཕེལ་ལེགས་ཤོམ་འགྱོ་དགོ་པ་ཅིན་ ཚོང་འབྲེལ་དེ་ ཁག་ཆེཝ་ལས་ ཚོང་རིག་གོང་འཕེལ་གཏང་དགོ་པའི་སྐོར་ལས་ གསལ་བཤད་གནང་ཡི།
ཚོང་རིག་འགྲེམ་སྟོན་ནང་ བཅའ་མར་གཏོགས་མི་ ཚོང་པ་ཅིག་ཨིན་མི་ སྐྱེས་ལོ་༢༦ ལང་མི་ བཀྲིས་དབྱངས་འཛོམས་ཀྱིས་ སླབ་མིའི་ནང་ འཛམ་གླིང་ཚོང་རིག་བདུན་ཕྲག་དེ་ འགོ་བཙུགསཔ་དང་གཅིག་ཁར་ ཚོང་འབྲེལ་ཚུ་ ལེགས་ཤོམ་འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༢༧ ལང་མི་ རྡོ་རྗེ་མཚོ་མོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ལས་རིམ་ནང་ བཅའ་མར་གཏོགས་དགོ་མི་དེ་ གཙོ་བོ་ར་ མོ་ར་སྤྲོ་བ་ཡོད་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ གྲོས་འཛོམས་ནང་ལས་ རིག་པ་གསརཔ་ཚུ་ ཐོབ་པའི་ཤུལ་ལུ་ ཚོང་འབྲེལ་འཐབ་ཐོག་ལས་ མི་ཚེ་ རང་འགོ་རང་འདྲོངས་བཟོ་ནི་ཨིན་ཟེར་ཨིན་པས།
བདུན་ཕྲག་འདི་ནང་ ཕྱི་རུ་ཨ་རྟག་ར་ སྤྱིར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འབྲེལ་བའི་ ཚོང་རིག་གི་སྐོར་དང་ ལྷག་པར་དུ་ མི་སྡེ་ལུ་ཕན་པའི་ ཚོང་རིག་གི་ལམ་ལུགས་དང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ རང་འགོ་རང་འདྲོངས་ བཟོ་ནིའི་ཐབས་ལམ་དང་ སྲིད་བྱུས་ཚུ་གི་སྐོར་ལས་ གསལ་བཤད་དང་ གྲོས་བསྡུར་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
འཛམ་གླིང་ཚོང་རིག་བདུན་ཕྲག་དེ་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།



སངས་རྒྱས་དཔལ་འབྱོར།

No comments:

Post a Comment