༉ ཁྲུང་ཁྲུང་སྐེ་གནག་ཚུ་ འཛམ་གླིང་ནང་ དཀོན་དྲགས་ཅན་གྱི་ བྱ་རིགས་ཅིག་ཨིནམ་བཞིན་དུ་ ཉམས་སྲུང་འབད་ནིའི་དོན་ལུ་ ཐབས་ཤེས་མང་སུ་ བཏོན་མིའི་གྲས་ལས་ སྒང་སྟེང་དགོན་པའི་ལྷ་ཁང་ནང་ འགོ་འདྲེན་ཐབས་སྲོལ་ཡོད་མི་ ལོ་བསྟར་ཁྲུང་ཁྲུང་སྐེ་གནག་གི་ དགའ་སྟོན་དེ་ཨིན་པས།
![]() |
སྒང་སྟེང་དགོན་པའི་ལྷ་ཁང་ནང་ ལོ་བསྟར་ཁྲུང་ཁྲུང་སྐེ་གནག་གི་ དུས་སྟོན་བརྩི་སྲུང་འབད་བའི་བསྒང་། |
ཁ་ཉིནམ་ དགོན་པའི་ལྷ་ཁང་ནང་ ཁྲུང་ཁྲུང་སྐེ་གནག་གི་ དགའ་སྟོན་ཐེངས་༡༤ པ་ འགོ་འདྲེན་འཐབ་མི་དེ་ གནམ་དགུན་ཁྲུང་ཁྲུང་འཁྱམ་སའི་ས་ཁོངས་ ཕོབ་སྦྱིས་ཁ་ལུ་ དུས་ཅི་ སྤྱི་ཟླ་༡༠ པ་ལས་ ད་ཚུན་གྱི་བར་ན་ བྱ་༢༠༠ ལྷགཔ་ཅིག་ བོད་ལས་མར་ ལོག་གནམ་དགུན་གྱི་སྡོད་གནས་ལུ་ ལེགས་ཤོམ་སྦེ་ ལྷོད་མི་ལུ་གུས་ཞབས་དང་ ད་རེས་ འོང་པའི་བསྒང་ཡོད་མི་ཚུ་ལུ་ ལམ་ཁར་བར་རྐྱེན་མེད་པར་ ལེགས་ཤོམ་སྦེ་ལྷོད་ཚུགས་པའི་ སྨོན་ལམ་བཏབ་ནིའི་ བརྡ་མཚོན་ལུ་ སྦས་ཏ་སློབ་གྲྭ་ཆུང་བ་གིས་ ཁྲུང་ཁྲུང་དཀར་མོའི་ཞབས་ཁྲ་ རྐྱབ་ཡོདཔ་ཨིན།
མ་གཞི་ ཞབས་ཁྲའི་ཚིག་དེ་ བྱ་ཁྲུང་ཁྲུང་ཚུ་ བོད་ལས་ ལོག་འབྲུག་ལུ་ལྷོདཔ་ད་ ཕོབ་སྦྱིས་ཁ་དང་ བཀྲིས་གཡང་རྩེ་འབུམ་སྡེ་གླིང་ལུ་ ལྷོད་པའི་སྐོར་ལས་དང་ བྱ་གིས་སྐད་རྐྱབ་ཐངས་ དེ་ལས་ རྣམ་འགྱུར་སྟོན་ཐངས་ཚུ་ཡོདཔ་ད་ དེ་བཟུམ་གྱི་ ཞབས་ཁྲ་རྐྱབ་པའི་སྐབས་ བྱ་དང་ མི་གི་བར་ན་ འདུ་ཤེས་ཡོད་པའི་ བརྡ་མཚན་ཡང་ སྟོནམ་ཨིན་པས།
ནུབ་ཕྱོགས་ཨེ་མི་རི་ཀ་ ཨུ་ཀོའི་ཌར་རྒྱལ་ཁབ་ལས་ ལྟ་བཤལཔ་ རོ་ཀོའི་གིས་ སླབ་མིའི་ནང་ ཁྲུང་ཁྲུང་ཞབས་ཁྲ་རྐྱབ་མི་དེ་ ན་གཞོན་ཚུ་གིས་ བྱ་གིས་ ག་འབད་མི་དེ་ འབདཝ་མས་ཟེར་ཨིནམ་ད་ དེ་ཡང་ མོ་གིས་ དགའ་སྟོན་བརྩི་སྲུང་འགོ་མ་བཙུགས་པའི་དྲོ་པ་ ཕོབ་སྦྱིས་ཁ་ལུ་ བྱ་བལྟ་བར་འགྱོ་བའི་སྐབས་ བྱའི་ཤོགཔ་ཚུ་ ཡར་ལྷོང་སྟེ་ འཕུར་འགྱོ་བའི་ཁར་ མཆུ་ཏོ་ས་ཁར་བཙུགས་ཏེ་ སྟབས་གཅིག་ཁར་ ནམ་མཁའ་ལུ་བལྟ་མི་ ལ་སོགས་པའི་རྣམ་འགྱུར་ག་ར་ ན་གཞོན་ཨ་ལུ་ཚུ་གིས་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྲུང་ཁྲུང་གི་དགའ་སྟོན་བརྩི་སྲུང་འབད་མི་དེ?་ བྱ་དང་ མི་གི་བར་ན་ འདུ་ཤེས་ལེགས་ཤོམ་ཡོད་པའི་བརྡ་མཚོན་ཅིག་ ཨིན་མས་ཟེར་བཤད་ཅི།
ཕོབ་སྦྱིས་ཁ་ལུ་ཡོད་པའི་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ལས་འགུལ་འགོ་དཔོན་ འཇིགས་མེད་ཚེ་རིང་གིས་སླབ་མིའི་ནང་ དགའ་སྟོན་བརྩི་སྲུང་འབད་མི་དེ་ཡང་ མི་སྡེ་གིས་ བྱ་སྲུང་སྐྱོབ་འབད་དགོ་པའི་སྐོར་ལས་ ཤེས་བཅུག་ནིའི་དོན་ལུ་ཨིན་པའི་ཁར་ བྱ་དེ་ ཁོང་གི་རྒྱུ་དངོས་བཟུམ་ཅིག་ཨིནམ་ལས་ བདག་འཛིན་འཐབ་ནི་ལུ་ རང་དབང་བྱིན་ནི་ལུ་ཕན་པ་ཡོད་ཟེར་ཨིན་པས།
སྒང་སྟེང་རྒཔོ་ རྡོ་ཕུག་གིས་ སླབ་མིའི་ནང་ མ་གཞི་ སྒང་སྟེང་དང་ཕོབ་སྦྱིས་ཁའི་ མི་ཚུ་གིས་ བྱ་ལུ་ ཧེ་མ་ལས་ར་ བརྩེ་གདུང་ཡོད་པའི་ཁར་ དུས་སྟོན་བརྩི་སྲུང་གིས་ བྱ་ཉམས་སྲུང་དང་ སྲུང་སྐྱོབ་འབད་དགོ་པའི་ཁུངས་དང་ ཐབས་ལམ་ཤེས་ནི་ལུ་ ཁེ་ཕན་འོང་ནི་མས་ཟེར་ཨིན་པས།
དེ་ལས་ དམིགས་ཡུལ་གཞན་ཡང་ དགའ་སྟོན་ལས་ཐོབ་པའི་ མ་དངུལ་དེ་ བྱ་ཉམས་སྲུང་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ད་ དེ་ཡང་ དགའ་སྟོན་གྱི་སྐབས་ལུ་ ཕྱིའི་ལྟ་བཤལཔ་ལས་ འཐུས་ལེན་མི་དེ་ མ་དངུལ་རྒྱུན་སྐྱོང་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ དགའ་སྟོན་བརྩི་སྲུང་གི་སྐབས་ལུ་ ལྟ་བཤལཔ་འོང་མིའི་ གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཞིན་དུ་ དུས་ཅིའི་ དགའ་སྟོན་དེ་ནང་ ལྟ་བཤལཔ་༧༠༠ ལྷགཔ་ཅིག་ འོང་ནུག་ཟེར་ཨིན་པས།
བྱ་ཁྲུང་ཁྲུང་གི་ དགའ་སྟོན་དེ་ སྤྱི་ལོ་༡༩༩༨ ལུ་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ འགོ་བཙུགསཔ་ལས་ཚུར་ ད་རེས་ བྱ་ཉམས་སྲུང་འབད་མི་ ཕོབ་སྦྱིས་ཁ་མཐའ་འཁོར་འཛིན་སྐྱོང་ཚོགས་པ་གིས་ བདག་འཛིན་འཐབ་ཨིན་པས།
ད་རེས་ ཚོགས་པའི་འཐུས་མི་ རྒེད་འོག་༢ དང་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ལས་མི་༡༥ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།
སྒང་སྟེང་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment