![]() |
རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ཚུ་གིས་ མི་དབང་ཡབ་སྲས་རྣམ་༢ སྐུ་ཚེ་ཞབས་པད་བརྟན་ནིའི་དོན་ལུ་ དཀར་མེ་ཕུལ་ཐོག་ལས་ སྨོན་ལམ་བཏབ་པའི་བསྒང་། |
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྤྱན་ལུ་ཟེར་ ཐུ་རུ་ད་ལེནསི་ཨཱོཕ་ཀིང་ཟེར་མི་ འགྲེམས་སྟོན་ནང་ མི་དབང་མཆོག་ རྒྱལ་བཙུན་བཞེས་པའི་རྟེན་འབྲེལ་གྱི་ སྐུ་པར་ཚུ་རྩིས་ཏེ་ མི་དབང་མཆོག་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་ གཟིགས་སྐོར་ནང་བྱོན་པའི་སྐབས་ མི་དབང་མཆོག་གིས་ བཏབ་གནང་མི་ རི་དྭགས་སེམས་ཅན་དང་ བྱ་རིགས་ དེ་ལས་ མི་ཚེའི་གནས་སྟངས་ཀྱི་པར་ཚུ་ གདམ་ཁ་རྐྱབ་ཐོག་ལས་ པར་༦༠ ལྷགཔ་ཅིག་ འགྲེམས་སྟོན་འབད་ཡི།
དུས་སྟོན་དེ་ནང་ འབྲུག་ལུ་ རྒྱ་གར་གྱི་ ཡོངས་ཁྱབ་དོན་གཅོད་སྐུ་ཚབ་ ཇེ་ཀེ་ ཤར་མ་གིས་གཙོས་པའི་ ཨ་སམ་མངའ་སྡེའི་ ལྟ་བཤལ་དང་སྐྱེལ་འདྲེན་བློན་པོ་ བོ་དོ་ལེནཌི་གྱི་ཚོགས་དཔོན་ ལོག་ས་བཱ་གི་འཐུས་མི་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ གཞུང་གི་འགོ་དཔོན་ དེ་ལས་ བརྡ་བརྒྱུདཔ་ཚུ་འཛོམས་ཡི།
སྐུ་མགྲོན་ཚུ་གིས་གཙོས་པའི་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ཚུ་དང་ དགེ་ལེགས་ཕུག་ནང་འཁོད་ཀྱི་ འབྲུག་རྒྱ་མཐུན་འབྲེལ་ཚོགས་པའི་འཐུས་མི་ རྒྱལ་པོའི་གཟིམ་དཔོན་ འབྲུག་གི་སྤྱི་ཚོགས་འཐུས་མི་ གསར་སྤང་རྫོང་ཁག་གི་འགོ་དཔོན་ དགེ་ལེགས་ཕུག་ལུ་སྡོད་མི་ དེ་ལས་ གཞུང་གི་འགོ་དཔོན་བགྲེསཔ་དང མི་སེར་ཚུ་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་པར་ཚུ་གི་ སྐུ་མདུན་ལུ་ དཀར་མེ་དང་ བཀྲ་ཤིས་ཁ་དར་ཕུལ་ཏེ་ སྐུ་ཚེ་ཞབས་པད་བརྟན་ནིའི་དོན་ལུ་ སྨོན་ལམ་བཏབ་གནང་ཡི།
ལས་རིམ་ནང་ སྐུ་མགྲོན་གཙོ་བོ་ འབྲུག་ལུ་ རྒྱ་གར་གྱི་ ཡོངས་ཁྱབ་དོན་གཅོད་སྐུ་ཚབ་ ཇེ་ཀེ་ ཤར་མ་གིས་ རྒྱ་འབྲུག་༢ ཀྱི་བར་ན་ ད་ཚུན་གྱི་རིང་ ཕྱི་འབྲེལ་གྱི་སྲིད་སྐྱོང་དང་ སྲིད་འབྲེལ་ ལམ་སྲོལ་ དེ་ལས་ དཔལ་འབྱོར་དང་འབྲེལ་བའི་མཐུན་འབྲེལ་ཚུ་ ལེགས་ཤོམ་སོང་ཡོདཔ་མ་ཚད་ ད་ལས་ཕར་ཡང་ སྔར་ལས་ལྷགཔ་སྦེ་ འགྱོ་ཚུགས་པའི་རེ་བ་ཡོད་ཟེར་ གསལ་བཤད་འབད་ཡི།
ཨ་སམ་མངའ་སྡེའི་ ལྟ་བཤལ་དང་སྐྱེལ་འདྲེན་བློན་པོ་ ཅཱན་དཱན་ བཱ་ར་མ་གིས་ སླབ་མིའི་ནང་ རྒྱ་གར་ཨ་སམ་དང་ འབྲུག་མི་ཚུའི་བར་ན་ མཐུན་འབྲེལ་ལེགས་ཤོམ་ཡོད་མི་དེ་ཡང་ གཙོ་བོ་ར་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
བློན་པོ་གིས་ ཁོ་ར་ བོ་དོ་མི་སྡེའི་ནང་ལས་ཨིན་ཟེར་ སླབ་པའི་ཤུལ་ལས་ འབྲུག་དང་ བོ་དོ་གི་ མི་སྡེའི་བར་ན་ ལམ་སྲོལ་དང་ ཁ་སྐད་ཚུ་ མང་ཤོས་ར་ འདྲ་བས་ཟེར་ཨིནམ་ད་ བོ་དོ་གི་ཁ་ནང་ལས་ གྱངས་ཁ་༡ ལས་༥ ཚུན་ ཤར་ཕྱོགས་པའི་གྱངས་ཁ་དང་ ཅོག་འཐད་པས་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་གི་བཟའ་ཚང་ཚུ་ ཨ་སམ་གྱི་ ས་མཚམས་བདའ་སྟེ་ འགྲོ་འགྲུལ་འབད་བའི་སྐབས་ སྲུང་སྐྱོབ་འབད་ནི་དེ་ ས་གནས་ཀྱི་མི་ཚུ་ལུ་ འགན་ཁུར་ཕོག་དོ་ཡོདཔ་ལས་ ད་ལས་ཕར་ དགེ་ལེགས་ཕུག་ལས་ བར་བི་ཊ་དང་ དེ་བཟུམ་སྦེ་ ས་མཚམས་བདའ་སྟེ་ འགྲོ་འགྲུལ་འབད་བའི་སྐབས་ རང་སོའི་ས་ཁོངས་ནང་ ཉེན་སྲུང་དང་ལྡནམ་སྦེ་ བསྐྱལ་ནིའི་ཁས་བླངས་འབད་ནི་ཨིན་ཟེར་ཨིན་པས།
རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ ནང་འཁོད་ཀྱི་ཚོགས་པ་ཚུ་ འགོ་དང་པ་ སྤྱི་ལོ་༢༠༠༤ ལུ་ ཕུན་ཚོགས་གླིང་དང་ བསམ་རྩེ་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་༤ ནང་ གཞི་བཙུགས་འབད་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ངང་ལམ་དང་ ཌའི་ཕཱམ་ལུ་ཡང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ནང་འཁོད་ཚོགས་པའི་ གཙོ་འཛིན་འོག་མ་ རྒྱལ་མཚན་འབྲུག་པ་གིས་ སླབ་མིའི་ནང་ ཚོགས་པ་གཞི་བཙུགས་ འབད་དགོ་མི་དེ་ཡང་ རྒྱ་འབྲུག་༢ ཀྱི་མཐུན་ལམ་དང་ མི་སེར་དང་མི་སེར་གྱི་བར་ན་ འབྲེལ་བ་འཐབ་ཐོག་ལས་ གནད་དོན་ཆུང་ཀུ་ཚུ་བསལ་ཏེ་ ཡར་དྲག་གཏང་ནིའི་དོན་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ད་རེས་ ས་གནས་ཀྱི་ ཚོགས་པ་གིས་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་དགོངས་བཞེད་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ དམིགས་དོན་དག་པ་ཅིག་ གྲུབ་ཚུགས་ཏེ་ ཡོད་ཟེར་ཨིན་པས།
པར་གྱི་འགྲེམས་སྟོན་དེ་ ཉིནམ་༢ དེ་ཅིག་ མི་མང་ལུ་ གསལ་སྟོན་འབད་ནི་ཨིན་པའི་གནས་ཚུལ།
དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།
No comments:
Post a Comment