གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སྡེའི་དཔེ་མཛོད་དང་ ཨ་ལུའི་གླིང་ཁ་ འགོ་འབྱེད་འབད་ཡོདཔ།

༡༢/༡༡/༢༠༡༢   ༉ གྲོང་གསེབ་ཤེས་ཡོན་དང་གོང་འཕེལ་ལྟེ་བ་གིས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་དང་ མཉམ་རུབ་ཐོག་ལུ་ ཐིམ་ཕུ་ ལྕང་ཇི་ཇི་ལུ་ མི་སྡེའི་དཔེ་མཛོད་དང་ ཨ་ལུའི་གླིང་ཁ་ གཞི་བཙུགས་འབད་མི་དེ་ ཁ་ཙ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འགོ་འབྱེད་མཛད་གནང་ཡི།


ལྕང་ཇི་ཇི་ མི་སྡེའི་ཤེས་ཡོན་དཔེ་མཛོད་ཞབས་ཏོག་ལྟེ་བ་ལུ་ དཔེ་མཛོད་དང་ བརྡ་དོན་འཕྲུལ་རིག་ལས་ཚན་ ཨམ་སྲུ་དང་ཨ་ལུའི་ལས་ཚན་ དེ་ལས་ ཨ་ལུའི་གླིང་ཁ་གཞི་བཙུགས་འབད་མི་དེ་ ལྕང་ཇི་ཇི་གཞུང་ཁྱིམ་གྱི་ས་ཁོངས་ནང་ འགོ་དང་པ་ཨིན་པས།
ཞབས་ཏོག་གཞི་བཙུགས་འབད་མི་དེ་གིས་ ཐིམ་ཕུའི་མི་༡༠༠,༠༠༠ དེ་ཅིག་དང་ དམིགས་བསལ་དུ་ ལྕང་ཇི་ཇི་གཞུང་ཁྱིམ་ནང་སྡོད་མི་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།
སྤྱི་ལོ་༢༠༡༠ ལས་ ད་ཚུན་གྱི་བར་ན་ གཞུང་མིན་ཚོགས་པའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བུམ་ཐང་ཨུ་ར་ལུ་ ཨུར་བེ་གསེར་ཤོང་ དཔེ་མཛོད་དང་ སྤུ་ན་ཁ་ ཨམ་སྲུའི་ལྕོགས་གྲུབ་ཡར་དྲག་ཞབས་ཏོག་ལྟེ་བ་ བཀྲིས་སྒང་ལུ་ ཕུན་སུམ་ཕན་བདེ་ གསར་སྤང་ལུ་ མི་སྡེའི་དཔེ་མཛོད་ དེ་ལས་ ཐིམ་ཕུ་ལྕང་ཇི་ཇི་ལུ་ མི་སྡེའི་དཔེ་མཛོད་ཁང་རྩིསཝ་ད་ འབྲུག་ལུ་ གྲོང་གསེབ་ཤེས་ཡོན་དང་གོང་འཕེལ་ལྟེ་བ་༥ གཞི་བཙུགས་འབད་ཡོདཔ་ཨིན་པས།
གྲོང་གསེབ་ཤེས་ཡོན་དང་གོང་འཕེལ་ལྟེ་བའི་འགོ་དཔོན་ ངག་དབང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ དཔེ་མཛོད་ཀྱི་ ཞབས་ཏོག་གཞི་བཙུགས་འབད་མི་དེ་གིས་ ལྷག་ནིའི་གོམས་སྦྱང་ཚུད་བཅུག་ནི་དང་ རྒན་གཞོན་མེད་པར་ ཤེས་ཡོན་དང་རིག་རྩལ་ཚུ་ ཡར་དྲག་གཏང་ཐབས་ལུ་ ཨིན་ཟེར་ཨིན་པས།
ལྕང་ཇི་ཇི་ལུ་ ཁང་ཚན་༦༦༦ ཡོད་མིའི་ནང་ མི་གྲངས་༡༠,༠༠༠ དེ་ཅིག་ སྡོད་དོ་ཡོདནཔ་ཨིན་རུང་ ད་ལྟོ་ཚུན་ཚོད་ ན་གཞོན་དང་ རྒས་ཤོས་ཚུ་ འཁྱམས་སའི་ས་ཁོངས་ཅིག་མེདཔ་ལས་ མི་སྡེ་དང་འབྲེལ་བའི་ སྟབས་མ་བདེཝ་ལེ་ཤ་ཐོན་དོ་ཟེར་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ ཁྲིམས་དོན་འགོ་དཔོན་ ལས་སྐྱིད་དབང་འདུས་ཀྱིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ དཔེ་མཛོད་ཁང་དང་ གླིང་ཁ་གསརཔ་ འགོ་འབྱེད་འབད་ཞིནམ་ལས་ ན་གཞོན་ཚུ་གིས་ ཤེས་ཡོན་ཡར་དྲག་གཏང་ནི་དང་ རྒས་ཤོསམ་ཚུ་ འཁྱམས་སྡོད་སའི་ ས་ཁོངས་ཉེ་འདབས་ལུ་ཡོདཔ་ལས་ མི་སྡེ་དང་བབྲེལ་བའི་དཀའ་ངལ་ཚུ་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་གྲོང་གསེབ་དང་གོང་ཕེལ་ལྟེ་བ་གིས་ མ་འོངས་པ་ལུ་ འབྲི་ལྷག་གི་ལས་རིམ་དང་ གསོ་བའི་བརྡ་སྤྲོད་ལས་རིམ་ ཨམ་སྲུའི་ལྕོགས་གྲུབ་ཡར་དྲག་གཏང་ནིའི་ལས་རིམ་ སྲིད་དོན་གྱི་གོ་བརྡའི་ལས་རིམ་ དེ་ལས་ བརྡ་དོན་འཕྲུལ་རིག་གི་ སྦྱོང་བརྡར་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment