གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྟེན་ཧ་གོ་ནིའི་ལས་རིམ།

༢/༡༡/༢༠༡༢   ༉ དབང་འདུས་ཕོ་བྲང་རྫོང་ཁག་གི་ སློབ་ཕྲུག་ཚུ་ སང་ཕོད་ལས་ ཀུན་ཀློང་དང་ ཀུན་སྤྱོད་ལེགས་བཅོས་འབད་དེ་ སློབ་གྲྭའི་སྒྲིག་ཁྲིམས་ལུ་ ལེགས་ཤོམ་སྦེ་ གནས་ཚུགས་པའི་རེ་བ་ཡོད་མི་དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༢༧ ལས་༣༠ ཚུན་ བ་འཇོ་འབྲིང་རིམ་སློབ་གྲྭྭ་གོང་མིའི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྟེན་ཧ་གོ་ནིའི་དོན་ལུ་ ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་གིས་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྟེན་ཐོག་ གྲོས་བསྡུར་འབད་མི་ སློབ་གྲྭ་ཁག་གི་སློབ་དཔོན་ཚུ།


ལས་རིམ་དེ་ནང་ རྫོང་ཁག་ནང་འཁོད་ཀྱི་ སློབ་གྲྭའི་དབུ་འཛིན་དང་ སློབ་དཔོན་ཚུ་རྩིས་ཏེ་ མི་གྲངས་༡༢༠ གིས་ བཅའ་མར་གཏོགས་ཡོདཔ་ད་ ལས་རིམ་གྱི་ དམིགས་གཏད་དེ་ སློབ་དཔོན་ཚུ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་དང་ དམིགས་དོན་ དེ་ལས་ དེའི་ཁེ་ཕན་ཚུ་ ལེགས་ཤོམ་སྦེ་ ཧ་གོ་བཅུག་ནིའི་དོན་ལུ་ཨིན་པས།
སློབ་དཔོན་ཚུ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཞིནམ་ལས་ སློབ་ཕྲུག་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནི་ཨིནམ་ལས་ ལས་རིམ་དེ་ སློབ་དཔོན་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་ཅི་ཟེར་ ལས་རིམ་འགོ་འདྲེན་འཐབ་མི་ དབུ་འཛིན་འཇིགས་མེད་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ སློབ་གྲྭ་ཚུ་ནང་ ཤེས་ཡོན་སྤེལ་ནི་དང་འབྲེལ་བའི་ལས་རིམ་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་མི་ཚུ་ གྲུབ་འབྲས་ཅན་མེདཔ་ལས་ ད་ལས་ཕར་ ལས་སྣ་ག་ཅི་བརྩམ་རུང་ མཐའ་མཇུག་ལུ་ གྲུབ་འབྲས་ལེགས་ཤོམ་ཅིག་ འབྱུང་ཚུགསཔ་འབད་ནི་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དེ་གིས་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་ ན་གཞོན་སློབ་ཕྲུག་ཚུ་གི་རྒྱུད་ལུ་ སྤེལ་ཚུགས་པ་ཅིན་ ཁོང་གིས་ འབད་བཏུབ་དང་མ་བཏུབ་ཚུ་ ཧ་གོ་ནིའི་ཁེ་ཕན་ཡོདཔ་ལས་ དེ་ལུ་བརྟེན་ བསམ་པ་དང་སྤྱོད་པ་ཚུ་ ལེགས་བཅོས་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ བཅའ་མར་གཏོགས་མི་ཚུ་གིས་ སླབ་ཨིན་པས།
ཉིན་གྲངས་༤ གི་རིང་ འགོ་འདྲེན་འཐབ་མི་ ལས་རིམ་ནང་ལས་ ཐོབ་མི་ཤེས་ཡོན་ཚུ་ ལོག་རང་སོའི་སློབ་གྲྭ་ནང་ འགྱོ་བའི་སྐབས་ སློབ་ཕྲུག་ཚུ་ལུ་ གསལ་བཤད་འབད་ནི་ཟེར་ དབུ་འཛིན་དབང་ཕྱུག་བུ་དར་གྱིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དེ་གིས་ སློབ་གྲྭའི་ཆོས་ཚན་རྩ་གཞུང་ནང་ ལྷན་ཐབས་འབད་ནིའི་ ཁེ་ཕན་འདུག་ཟེར་ཨིནམ་ད་ དེ་བཟམ་གྱི་ གཞི་རྟེན་བཟང་པོ་ཚུ་ རྩ་གཞུང་ནང་བཙུགས་པ་ཅིན་ སློབ་ཕྲུག་ཚུ་གི་རྒྱུད་གཤིས་ ལེགས་བཅོས་འབད་ཚུགས་པའི་ གོ་སྐབས་སྦོམ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་ འཛམ་གླིང་སྤྱི་ཚོགས་ཀྱིས་ ངོས་ལེན་འབད་ཡོད་པའི་ ལྟ་བ་ཅིག་ཨིནམ་ལས་ ལྟ་བ་དེ་ འབྲུག་པའི་ན་གཞོན་ཚུ་གིས་ ལེགས་ཤོམ་སྦེ་ ཧ་གོ་ཐབས་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་ནང་ ཤེས་ཡོན་སྤེལ་བའི་བསྒང་ཡོདཔ་བཞིན་དུ་ ཆོས་ཚན་རྩ་གཞུང་ཚུ་ནང་ཡང་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment