གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་གྱིས་ གྲོང་གཡུས་མི་སེར་ཚུ་ལུ་ཕན་ཁྱད།

༢/༡༡/༢༠༡༢   ༉ ཧེ་མ་འབད་བ་ཅིན་ གྲོང་གསེབ་ཁག་ལས་ཕར་སྡོད་མི་ མི་སེར་དང་ ལྷག་པར་དུ་ སློབ་གྲྭའི་སློབ་དཔོན་ གསོ་བའི་ལས་རོགསཔ་ སོ་ནམ་དང་ སྒོ་ནོར་ལས་རོགསཔ་ དེ་ལས་ ནགས་ཚལ་གླིང་འཛིན་པ་ཚུ་ བཟའ་འཐུང་གི་རིགས་ ཉོ་བར་འགྱོ་ནི་ལུ་ དཀའཝ་སྦོམ་སྤྱད་དགོ་མི་དེ་ཡང་ རྒེད་འོག་ཚུ་ནང་ ད་རེས་ནངས་པ་བཟུམ་སྦེ་ འཁོར་ལམ་གྱི་ཞབས་ཏོག་མཐུན་རྐྱེན་ མེད་མི་ལུ་བརྟེན་ཨིན་པས།
འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་མི་ རྒྱ་རས་ཀྱི་ཚོང་ཁང་།


ཨིན་རུང་ ད་རེས་ནངས་པ་ ཧེ་མ་བཟུམ་སྦེ་ གྲོང་གསེབ་ནང་སྡོད་མི་ཚུ་ དཀའ་སྤྱད་དགོཔ་མེད་མི་དེ་ཡང་ རྒྱལ་ཁབ་ཀྱི་ས་གནས་ཐདམ་ཐད་ཁ་ལས་ཕར་ སྣུམ་འཁོར་གྱི་ལམ་ལྷོད་མི་ལུ་བརྟེན་ཨིནམ་ད་ མཐའ་ཟུར་གྱི་རྒེད་འོག་ཅིག་ཨིན་རུང་ བཟའ་འཐུང་གི་རིགས་ ཕྱམ་ཕྱེམ་རེ་བཙོང་སྡོད་མི་ ཚོང་ཁང་ཚུ་ཡང་ མཐོངམ་ཨིན་པས།
ལྷུན་རྩེ་རྫོང་ཁག་ རྒྱ་རས་རྒེད་འོག་དེ་ རྒེད་འོག་༨ ཡོད་པའི་གྲས་ལས་ མཐའ་ཟུར་གྱི་རྒེད་འོག་ཅིག་ཨིནམ་ད་ རྒེད་འོག་གི་མི་སེར་ཚུ་ ལོ་ངོ་བཅུ་ཕྲག་ཅིག་གི་ཧེ་མར་ དཀའཝ་སྦོམ་སྤྱད་ཡོད་མི་དེ་ཡང་ ལྷུན་རྩེའི་གཞུང་ལམ་ ཨའུ་མཚོ་དང་ སྒོར་གཱན་ལས་ རྐང་སྟོང་སྦེ་ ཉིན་ལམ་༡ གི་ས་ཁར་ འགྱོ་དགོ་ནི་དེ་གིས་ ཨིན་པས།
ཨིན་རུང་ ད་རེས་ནངས་པ་ རྒྱ་རས་རྒེད་འོག་གི་མི་སེར་ཚུ་ལུ་ བཟའ་འཐུང་གི་རིགས་ཚུ་ ཉོ་དགོ་པ་ཅིན་ ཧེ་མ་བཟུམ་སྦེ་ ཉིན་ལམ་ཅིག་གི་ས་ཁར་ རྐང་སྟོང་སྦེ་འགྱོ་མ་དགོ་པར་ བྱ་སྟབས་བདེ་ཏོག་ཏོ་ཡོད་མི་དེ་ཡང་ གཡུས་སྒོ་དེ་ནང་ བཟའ་འཐུང་གི་ཚོང་ཁང་ཅིག་ བཙུགས་ཡོད་མི་ལུ་བརྟེན་ཨིན་པས།
སྐྱེས་ལོ་༣༥ ལང་མི་ ཆོས་རྒྱལ་སྒྲོལ་མ་གྱིས་ འདས་པའི་ལོ་དག་པ་ཅིག་གི་ཧེ་མ་ལས་ རྒེད་འོག་དེ་ནང་ བཟའ་འཐུང་གི་ ཚོང་ཁང་ཅིག་བཙུགས་ཡོདཔ་ལས་ མི་སེར་ཚུ་གིས་འབད་བ་ཅིན་ གཡུས་སྒོ་དེ་ནང་ ཚོང་ཁང་ཅིག་བཙུགས་ཡོད་མི་ལུ་བརྟེན་ དུས་རྒྱུན་བཟའ་འཐུང་གི་རིགས་ ཆུམ་དང་ ཚྭ་ ཚོ་ཏོ་ཚུ་ ཧེ་མ་བཟུམ་སྦེ་ ཨའུ་ཚོ་ལུ་ ཉོ་བར་འགྱོ་མ་དགོཔ་ལས་ ཕན་ཐོག་སྦོམ་ཡོདཔ་ཨིན་པས།
ཨ་ལུ་གཉིས་ཀྱི་ཨའི་ ཆོས་རྒྱལ་གྱིས་ མོ་རའི་བཟའ་འཐུང་གི་ ཚོང་ཁང་ལུ་བརྟེན་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༡,༠༠༠ ལས་༥,༠༠༠ གི་བར་ན་ བཟོ་ཚུགས་དོ་ཡོདཔ་ད་ མོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ ཚོང་ཁང་གི་འོང་འབབ་ལུ་བརྟེན་ བཟའ་ཚང་འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་མེདཔ་མ་ཚད་ སྤུན་ཆ་ཚུ་ལུ་ཟད་འགྲོ་ཡང་ དུམ་གྲ་རེ་གྲོགས་རམ་འབད་ཚུགསཔ་ལས་ ད་ལས་ཕར་འབད་རུང་ འོང་འབབ་བཟོ་ཚུགས་ནི་ལུ་ ཧེང་སྐལ་ར་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་མི་དེ་ཡང་ འདས་པའི་ཟླཝ་ནང་ རྒེད་འོག་ལུ་ སྣུམ་འཁོར་ལམ་ཅིག་ལྷོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཆོས་རྒྱལ་དང་ མོ་རའི་རྨགཔ་ ཕུན་ཚོགས་ཀྱིས་ བཟའ་འཐུང་གི་ཚོང་ཆས་ཚུ་ཡང་ མོང་སྒར་དང་ ཨའུ་ཚོ་ལས་འབག་འོང་དོ་ཡོདཔ་ད་ སྣུམ་འཁོར་ནང་བསྐྱལ་བ་ཅིན་ ཨའུ་ཚོ་ལས་ དོས་གླ་དངུལ་ཀྲམ་༣,༥༠༠ རེ་དང་ རྟ་གུ་བཀལ་འབག་པ་ཅིན་ རྒེད་འོག་ནང་ལྷོད་ཚུགས་ནི་ལུ་ དུས་ཡུན་ཆུ་ཚོད་༤ ལྷགཔ་ཅིག་འགོར་མི་ལུ་བརྟེན་ གླ་ཆ་དངུལ་ཀྲམ་༣༠༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥༥ ལང་མི་ རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚོདམ་ནང་བླུགས་ནིའི་ཚྭ་ཅིག་ ཉོ་དགོ་རུང་ ལཱ་ཁག་འབད་ ས་གནས་ཨའུ་ཚོ་ལུ་འགྱོ་དགོཔ་ལས་ མི་སེར་ཚུ་ལུ་ དཀའ་སྡུག་སྦོམ་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ འཁོར་ལམ་གྱི་མཐུན་རྐྱེན་ལུ་བརྟེན་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་ བཏང་ནི་ལུ་ཕན་ཐོགས་སྦོམ་ འབྱུང་ཚུགས་ནི་མས་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ འཁོར་ལམ་གྱི་ཞབས་ཏོག་ལུ་བརྟེན་ རྒེད་འོག་གི་གཡུས་ཚན་ ལ་གྲོང་ དང་ ཡུམ་ཆེན་ དེ་ལས་ ངང་ངེ་གཡུས་ཚན་གསུམ་ནང་ བཟའ་འཐུང་གི་ཚོང་ཁང་གསུམ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ཚོང་པ་ཚུ་གིས་འབད་རུང་ ཁྲོམ་གྱི་གོང་ཚད་ལས་ དངུལ་ཀྲམ་༣ དང་༥ དེ་རེ་གི་རྩིས་ མཐོ་སུ་སྦེ་སླབ་དོ་ཡོདཔ་ད་ མི་སེར་ཚུ་ལུ་ བཟའ་འཐུང་གི་གྲས་ལས་ ཚྭ་དང་ཚོ་ཏོ་ཚུ་ མང་སུ་བཙོང་ཚུགས་དོ་ཡོདཔ་ཨིན་པས།
ཁྱིམ་གུང་པ་༢༠༠ ལྷགཔ་ཅིག་ཡོད་པའི་ རྒྱ་རེས་རྒེད་འོག་དེ་ ལྷུན་རྩེ་སྒོར་གཱན་ གཞུང་ལམ་ལས་ ཀི་ལོ་མི་ཊཪ་༣༦ དེ་ཅིག་གི་ས་གནས་ཁར་ཡོདཔ་ད་ རྒེད་འོག་དེ་ ད་རུང་ འཁོར་ལམ་ཅིག་ ཨའུ་ཚོ་ལས་བརྒྱུད་དེ་ རྒེད་འོག་ལྟེ་བ་ཚུན་ ཀི་ལོ་མི་ཊར་༡༦ དེ་ཅིག་ བསལ་ནི་ཡོད་མི་དེ་ སེལ་བའི་བསྒང་ཡོདཔ་ལས་ འཁོར་ལམ་དེ་བསལ་ཚར་བའི་བསྒང་ལས་ རྒེད་འོག་ནང་ ད་རུང་ ཚོང་ཁང་མང་སུ་ བཙུགས་ཚུགས་ནི་ཨིནམ་ལས་ མི་སེར་དང་ རྒེད་འོག་དེ་ནང་ ལཱ་འབད་མི་ཞི་གཡོགཔ་ཚུ་ལུ་ ཕན་ཐོགས་སྦོམ་ར་ འབྱུང་ཚུགས་པའི་རེ་བ་བསྐྱེད་དོ་ཡོད་པའི་གནས་ཚུལ།


བདེ་ཆེན་ཚེ་རིང་།

No comments:

Post a Comment