གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལག་ཤེས་སྦྱོང་བརྡར་མཐར་འཁྱོལ་མི་ཚུ་གི་ གོམས་འདྲིས་སློབ་སྦྱོང་འགོ་དང་པ་ མཇུག་བསྡུ་ཡོདཔ།

༡/༡༡/༢༠༡༢   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ ན་གཞོན་དཔལ་རིའི་ ཞལ་འཛོམས་ཁང་ནང་སྦེ་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་གི་ གོམས་འདྲིས་སློབ་སྦྱོང་ལས་རིམ་ མཇུག་བསྡུའི་ཉེན་འབྲེལ་ནང་ བཀའ་སློབ་ཚུ་གནང་ཡི།
ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་གི་ མཐར་འཁྱོལ་དུས་སྟོན་ བརྩི་སྲུང་འབད་བའི་བསྒང་།


མི་དབང་མཆོག་གིས་ ད་ལྟོ་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ ལཱ་གཡོག་ཐོབ་མ་ཐོབ་ཀྱི་སྐོར་ལས་དང་ ལོ་ངོ་༡༠ གྱི་རྒྱབ་ལས་ རང་གི་བུཚ་ཚུ་ལུ་ ག་དེ་སྦེ་ ཤེས་ཡོན་སྤྲོད་ཚུགས་ནི་ཨིན་ན་ དེ་ལས་ རང་མགོ་རང་འདྲོངས་ཐོག་ ག་དེ་སྦེ་ སྡོད་ཚུགས་ག་ཟེར་བའི་ ཐུགས་ཀྱི་ཚ་གྱང་ཡོད་ལུགས་ཚུ་ གསུངས་གནང་ཡི།
མི་དབང་མཆོག་གིས་ ནམ་ར་འབད་རུང་ རང་གི་རྒྱལ་ཁབ་འདི་ རང་གིས་ར་ བདག་འཛིན་འཐབ་དགོ་ཟེར་ གསུངས་གནངམ་མ་ཚད་ འབྲུག་རྒྱལ་ཁབ་ལུ་ གཞན་དང་མ་འདྲ་བའི་ ཁྱད་ཆོས་བཟང་པོ་ཡོདཔ་ལས་ གལ་སྲིད་ རྒྱལ་ཁབ་ལུ་ སྟབས་མ་བདེཝ་རེ་འབྱུང་པ་ཅིན་ ག་ར་གིས་ གཅིག་མཐུན་ཐོག་ལས་ ཐབས་དང་གནས་སྐབས་བཏོན་ཏེ་ བསལ་ཚུགསཔ་འབད་དགོ་ཟེར་གསུངས་ཡི།
དེ་བཟུམ་སྦེ་ ད་ཚུན་གྱི་རིང་ རྒྱལཔོ་རིམ་བྱོན་ཚུ་དང་ རྒྱལ་ཁབ་ དེ་ལས་ མི་སེར་ཚུ་ལུ་ ཕྱག་དང་ཞབས་ཏོག་ཞུ་མི་ཚུ་གིས་ སེམས་དང་མནོ་བསམ་བཏང་ཐངས་དང་ ཕྱག་ཕྱིད་ཞུ་ཐངས་ གུས་ཞབས་འབད་ཐངས་ཚུ་ལུ་ལྟ་སྟེ་ ཐུགས་ངལ་རངས་བྱུང་ཡི་ཟེར་ གསུངས་གནང་ཡི།
ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ལས་ མཐར་འཁྱོལ་མི་ཚུ་གིས་འབད་རུང་ དཀའཝ་སྤྱད་ནི་དང་ འུ་སྡུག་ནི་ལུ་ འཚེར་སྣང་མེད་པར་ ཅི་ཤེས་གང་ལྕོགས་ཀྱི་སྒོ་ལས་ ལཱ་འབད་དེ་ རང་གིས་རང་ ལང་ཚུགསཔ་བཟོ་དགོ་ཟེར་གསུངས་ཡི།
དེ་སྦེ་ བཟོ་ཚུགས་པ་ཅིན་ རང་གི་མནོ་དོན་འགྲུབ་ཚུགས་པའི་ཁར་ རྒྱལ་བློན་འབངས་༣ ལུ་ ཕྱག་ལེགས་ཤོམ་ཞུ་ཚུགས་ཟེར་ གསུངས་གནངམ་མ་ཚད་ རང་སོའི་ མི་ཚེ་འདི་ནང་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ རང་གི་བུཚ་ཚུ་ལུ་ ཤེས་ཡོན་དང་ རྒྱབ་སྐྱོར་འབད་ཚུགས་པ་ཅིན་ ཐུགས་ཀྱི་རེ་བ་ཟེར་རུང་ འདི་ཨིན་ཟེར་ མི་དབང་མཆོག་གིས་གསུངས་ཡི།
བློན་པོ་བཟང་ལེགས་འབྲུག་པ་གིས་ འདི་བཟུམ་མའི་ གོམས་འདྲིས་སློབ་སྦྱོང་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ད་ལྟོ་ཚུན་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ལས་ མཐར་འཁྱོལ་མི་ཚུ་གིས་ རྒྱལ་ཁབ་ཡར་དྲག་གཏང་ནི་ལུ་ ཕྱག་ལེགས་ཤོམ་ཞུ་ཡོད་པའི་ ངོས་འཛིན་ལུ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ལས་ མཐར་འཁྱོལ་མི་ཚུ་གིས་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ མི་སྟོབས་མ་ལང་པའི་དཀའ་ངལ་སེལ་ཐབས་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་ གོང་འཕེལ་གཏང་ནིའི་ནང་ ཕན་ཐོགས་སྦོམ་བྱུང་བའི་ཁར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་འཕེལ་གཏང་ནི་ལུ་ཡང་ ལྷན་ཐབས་བྱུང་ནི་དེ་གིས་ དུས་ཅི་ འགོ་དང་པ་ གོམས་འདྲིས་སློབ་སྦྱོང་ལས་རིམ་ འགོ་འདྲེན་འཐབ་ནི་ འགོ་བཙུགས་ཡི་ཟེར་ བློན་པོ་བཟང་ལེགས་འབྲུག་པ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ ཐིམ་ཕུ་བཟོ་རིག་༡༣ སྤེལ་ཁང་གི་ རྩིག་བཟོ་ལས་ མཐར་འཁྱོལ་མི་ སྐྱེས་ལོ་༣༢ འབད་མི་ ཡེ་ཤེས་ཆོས་སྒྲོན་གྱིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ ལས་གཡོག་ལྷན་ཁག་གིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་ལུ་བརྟེན་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ལས་ མཐར་འཁྱོལ་མི་ཚུ་ལུ་ ངོས་ལེན་ལེགས་ཤོམ་བྱུང་བའི་ཁར་ ད་ལས་ཕར་ འཕྲོ་མཐུད་ཤེས་ཡོན་སྦྱང་ནི་ལུ་ གོ་སྐབས་བཟང་པོ་ཐོབ་ཅི་ཟེར་ཨིན་པས།
ལྷག་པར་དུ་ ཉིན་གྲངས་༣ གྱི་རིང་ལུ་ ལྷན་ཁག་ཚུ་ལས་ འགོ་དཔོན་ཚུ་གིས་ ཤེས་ཡོན་དང་ རིག་རྩལ་ དེ་ལས་ རང་གི་རང་ ག་དེ་སྦེ་ སྡོད་ཚུགསཔ་བཟོ་ནི་དང་ རྒྱལ་ཁབ་དང་མི་སེར་ལུ་ ག་དེ་སྦེ་ ཕྱག་ཞུ་དགོཔ་ཨིན་ནའི་སྐོར་ གསལ་བཤད་འབད་བའི་ཁར་ མི་དབང་མཆོག་གིས་ བཀའ་སློབ་བཟང་པོ་གནང་མི་ལུ་བརྟེན་ ད་ལས་ཕར་ སྤྲོ་བ་ཐེབས་བསྐྱེད་དེ་ ཕྱག་ཞུ་ནི་གི་ ཁས་བླངས་དམ་བཅའ་ཕུལཝ་ཨིན་ཟེར་ བཅའ་མར་གཏོགས་མི་ཚུ་གིས་ སླབ་ཨིན་པས།
ལས་གཡོག་ལྷན་ཁག་གི་ལས་རིམ་གཙོ་འཛིན་འགོ་དཔོན་ ཀརྨ་གིས་ སླབ་མི་དང་འཁྲིལཝ་ད་ གོམས་འདྲིས་སློབ་སྦྱོང་ལས་རིམ་ནང་ བཅའ་མར་གཏོགས་མི་༡,༠༤༣ ཡོད་མིའི་གྲས་ལས་ ལཱ་གཡོག་མེད་པར་སྡོད་མི་ རེ་གཉིསམ་མ་གཏོགས་ གཞན་ག་ར་ ལཱ་གཡོག་ཐོབ་ནུག་ཟེར་ཨིནམ་ད་ ལས་རིམ་ནང་ ཐོ་བཀོད་འབད་མིའི་གྲས་ལས་༤༠༠ ལྷགཔ་ཅིག་ ལྷོད་མ་ཚུགས་པས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ རྡོ་བཟོ་བོ་༡༢༠ དང་ ཤིང་བཟོ་བོ་༢༣ ཆུ་དུང་བཟོ་མི་༨༣ ལྕགས་རྩི་བཏང་མི་༡༨ གློག་མེ་ནང་༣༠༧ གློག་རིག་སྲ་ཆས་ནང་༣༦ བརྡ་དོན་འཕྲུལ་རིག་ནང་༡༠ ནང་ཆས་བཟོ་མི་༡༠ སྣུམ་འཁོར་འཕྲུལ་ལསཔ་༦༠ འཕྲུལ་ཆས་བཟོ་མི་༦༥ སྣུམ་འཁོར་དེད་གཡོགཔ་༡༡ སྤྱིར་བཏང་བཟོ་སྐྲུན་༤༦ པར་ཏྲ་བརྐོ་མི་༥༤ ལྷ་འབྲིཔ་༦༡ ཚེམ་བཟོ་༤༩ ཁྲི་བཟོ་༣༣ གཤག་བཟོ་༢ འཇིམ་བཟོ་༢༨ ལྕགས་བཟོ་༢ ཐགས་བཟོ་༩ བླུག་བཟོ་༥ ཨ་ལུའི་རྩེད་ཆས་བཟོ་མི་༥ དེ་ལས་ ལྕགས་མཐུད་རྐྱབ་མི་༦ ཡོདཔ་ཨིན་པས།
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ སྤྱི་ལོ་༢༠༠༤ ལས་༢༠༡༠ ཚུན་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ ན་གཞོན་བུཚ་དང་བུམོ་ ཡོངས་བསྡོམས་༡,༠༤༣ ལུ་ ངོས་འཛིན་ལག་ཁྱེར་ཚུ་ གནང་ཡོད་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment