༉ ཁ་ཙ་ སྤ་རོ་རིན་སྤུངས་རྫོང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ དབུ་བཞུགས་ཐོག་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་དང་ གཏེར་སྟོན་འབྲུག་གྲགས་རྡོ་རྗེའི་ཡང་སྲིད་ དེ་ལས་ སྤ་རོ་རབ་སྡེ་གྲྭ་ཚང་གི་ བླམ་གནས་བརྟན་དང་ དགེ་སློང་ཚུ་གིས་ མགོན་པོ་ཚེ་དཔག་མེད་ཀྱི་ མཐོང་གྲོལ་གསར་བཞེངས་བསྒྲུབས་མི་ལུ་ བཀྲིས་རབ་གནས་མཛད་གནང་ཡི།
མཐོང་གྲོལ་དེ་ སྤ་རོ་ཝང་ཐང་ཁ་ལས་ རྒྱལ་པོའི་སྲུང་འཁོརཔ་བགྲེསཔ་ རྒྱལ་མཚན་དང་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་ དེ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཡོངས་ཁྱབ་འཛིན་སྐྱོང་པ་ ནོར་བུ་དབང་ཕྱུག་གིས་ འགོ་འདྲེན་ཐོག་ལས་ བཞེངས་ཡོདཔ་ཨིན་པས།
མཐོང་གྲོལ་གྱི་དོན་ལུ་ སྤ་རོ་རྫོང་ཁག་ལས་ཨིན་མི་ གཞུང་དང་ལས་སྡེ་ཁག་གི་ འགོ་དཔོན་ཚུ་དང་ དད་ཅན་མི་མང་ དེ་ལས་ སྤ་རོ་རབ་སྡེ་གིས་ བསྡོམས་དངུལ་ཀྲམ་འབུམ་༦༨ དང་༦༩ དེ་ཅིག་ ཞལ་འདེབས་ཕུལ་ཡོདཔ་ཨིན་པས།
སྲུང་འཁོརཔ་བགྲེསཔ་ རྒྱལ་མཚན་གྱིས་ སླབ་མི་དང་འཁྲིལཝ་ད་ བླམ་རྒྱ་མཚོ་གིས་ འབྲུག་རྒྱལ་ཁབ་ནང་ མཐོང་གྲོལ་མང་རབས་ཅིག་ཡོད་རུང་ ཚེ་དཔག་མེད་ཀྱི་མཐོང་གྲོལ་ ག་ཏེ་ཡང་མེདཔ་ལས་ མཐོང་གྲོལ་བཞེངས་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ མི་དབང་ཡབ་སྲས་སྐུ་འཁོར་ཚུ་དང་ སྐྱབས་རྗེ་རིན་པོ་ཆེ་གིས་གཙོས་པའི་ བསྟན་འཛིན་གྱི་སྐྱེས་བུ་དམ་པ་ དེ་ལས་ འབངས་མི་སེར་ཡོངས་ དགའ་སྐྱིད་ཀྱི་ངང་ལུ་ ཚེ་ལོ་བརྒྱ་ཐུབ་ཚུགས་པའི་ བསྐུལ་མ་གནང་མི་དང་འཁྲིལ་ བཞེངས་བཞེངསམ་ཨིན་ཟེར་ཨིན་པས།
མཐོང་གྲོལ་བཞེངས་ནིའི་ལཱ་དེ་ སྤྱི་ལོ་༢༠༡༡ ཟླ་༥ པའི་ཚེས་༡༠ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༢ ཀྱི་ ཟླཝ་༡༠ པའི་ནང་ བསྒྲུབས་ཚར་ཡི་ཟེར་ སླབ་ཨིན་པས།
རིང་ཚད་ཕིཊ་༥༨ དང་ རྒྱ་ཚད་ཕིཊ་༨༧ འབད་མི་ མཐོང་གྲོལ་དེ་ནང་ རས་ཆུང་རྡོ་རྗེ་གྲགས་པ་ལས་ ཞབས་དྲུང་ཚུན་ བླ་བརྒྱུད་༡༤ དང་ ཁྲོ་བོ་༡༠ ཡབ་ཡུམ་ཞི་བ་༤ མཆོད་ལྷ་༨ དེ་ལས་ མཚམས་ཀྱི་བུམ་པ་༤ ཡོདཔ་ཨིན་པས།
མཐོང་གྲོལ་གསར་བཞེངས་ཀྱི་དོན་ལུ་ གཞུང་གིས་ དངུལ་ཀྲམ་འབུམ་༡༥ དང་ སྤ་རོ་རབ་སྡེ་གྲྭ་ཚང་གིས་ དངུལ་ཀྲམ་འབུམ་༥ དྲགོས་སངས་རྒྱས་མཁའ་འགྲོ་དང་ དྲགོས་སྐྱིབ་ཅུ་ དེ་ལས་ རྫོང་རབ་བགྲེསཔ་ངར་ཀྲ་རྒྱལ་མཚན་༣ ལས་ དངུལ་ཀྲམ་འབུམ་རེ་རེ་ དེ་ལས་ དད་ཅན་མི་མང་དང་ རྒྱལ་མཚན་ཁོ་ར་བཅས་ ཡོངས་བསྡོམས་དངུལ་ཀྲམ་འབུམ་༤༥ ལྷགཔ་ཅིག་ ཞལ་འདེབས་ཕུལ་ཡོདཔ་ཨིན་པས།
སྤ་རོ་སྦྱིས་ཤིང་སྒང་ལས་ སྐྱེས་ལོ་༨༤ ལང་མི་ རིག་འཛིན་ལྷ་མོ་གིས་ སངས་རྒྱས་ཀྱི་ བསྟན་པ་དར་བའི་རྒྱལ་ཁབ་འདི་ནང་ དེ་བཟུམ་མའི་ མཐོང་གྲོལ་གསར་བཞེངས་གནང་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོདཔ་མ་ཚད་ མཐོང་གྲོལ་དེ་མཇལཝ་ཙམ་ཅིག་གིས་ ལུས་ངག་ཡིད་༣ གྱི་ ལས་ངན་སྡིག་སྒྲིབ་ཚུ་དག་སྟེ་ ཚེ་རིང་བཅུག་ཟེར་བའི་ སྨོན་ལམ་བཏབ་ཨིན་པས།
ད་རིས་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ ཉིན་གྲངས་༣ གྱི་རིང་ སྤ་རོ་སྐྱིད་ཆུ་ལྷ་ཁང་ནང་ ལོ་བསྟར་གནང་སྲོལ་ཡོད་པའི་ སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment