གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་ཞུ་ཡིག་བཙུགས་ཡོདཔ།

༣/༡༡/༢༠༡༢   ཚོགས་པའི་ཁྲི་འཛིན་དེ་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ མདོ་ཆེན་ ལི་ལི་དབང་ཕྱུག་ངོས་འཛིན་འབད་ཡོདཔ་ལས་ མོ་ར་ བཀོད་ཁྱབ་མདོ་ཆེན་གྱི་གོ་གནས་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།

༉ འདས་པའི་ ཉིནམ་དག་པ་ཅིག་གི་ཧེ་མར་ དང་འདོད་ཅན་གྱི་སྲིད་ཚོགས་ཅིག་གིས་ འགོ་ཐོག་བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་ཀྱི་ ཞུ་ཡིག་བཙུགས་པའི་ཤུལ་ལུ་ ཁ་ཙ་ ད་རུང་ དང་འདོད་ཅན་གྱི་ སྲིད་ཚོགས་ཅིག་ཨིན་མི་ འབྲུག་སྤྱིར་དབང་ཚོགས་པ་གིས་ཡང་ ཐོ་བཀོད་ཀྱི་དོན་ལས་ བཙག་འཐུ་ལྷན་ཚོགས་ལུ་ ཞུ་ཡིག་བཙུགས་ནུག།
ལི་ལི་དབང་ཕྱུག།


ཚོགས་པའི་ མགྲིན་ཚབ་ཅིག་གིས་ སླབ་མིའི་ནང་ ཚོགས་པའི་ཁྲི་འཛིན་ཡང་ ངོས་འཛིན་འབད་ཡོདཔ་མ་ཚད་ གནས་སྐབས་ཀྱི་ འདེམས་ངོ་༤༧ གྱི་ མིང་ཐོ་ཚུ་ཡང་ ཟུར་སྦྲགས་བཀོད་ཡོད་པའི་ཁར་ ཚོགས་པའི་རྩ་ཁྲིམས་དང་གཅིག་ཁར་ ཐོ་བཀོད་ཅན་གྱི་འཐུས་མི་༡༠༠ མ་ལངམ་ཅིག་གི་ ཐོ་དེབ་ཡོད་པའི་ ཡིག་རིགས་ཚུ་དང་བཅསཔ་སྦེ་ ཐོ་བཀོད་ཀྱི་དོན་ལུ་ ཞུ་ཡིག་བཙུགས་ཅི་ཟེར་ཨིན་པས།
དེ་དང་གཅིག་ཁར་ འབྲུག་སྤྱིར་དབང་ཚོགས་པ་གིས་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ལི་ལི་དབང་ཕྱུག་དེ་ ཚོགས་པའི་ཁྲི་འཛིན་སྦེ་ ངོས་འཛིན་འབད་ཡོད་མི་དེ་ སྲིད་ཚོགས་ཚུ་གི་གྲས་ལས་ ཨམ་སྲུའི་ཁྲི་འཛིན་དང་པ་ཨིན་པའི་ཁར་ ཚོགས་པའི་ཐོ་བཀོད་གྲུབ་པ་ཅིན་ འབྲུག་གི་སྲིད་དོན་ནང་ ཁྲི་འཛིན་ཨམ་སྲུ་དང་པ་ འོང་ནི་ཨིན་པས།
ཞི་གཡོག་ནང་ གཞུང་སྐྱོང་དང་ དོན་གཅོད་ལས་ཁང་ དེ་ལས་ རྒྱལ་སྤྱིའི་མཉམ་འབྲེལ་དང་འབྲེལ་བའི་ ལས་དོན་ཚུ་ནང་ ལོ་ངོ་༡༨ དེ་ཅིག་གི་ ཉམས་མྱོང་ཡོད་མི་ སྐྱེས་ལོ་༤༠ དེ་ཅིག་འབད་མི་ ལི་ལི་དབང་ཕྱུག་གིས་སླབ་མིའི་ནང་ མ་གཞི་ མོ་ར་ སྲིད་དོན་ནང་ སྤྲོ་བ་མེད་དེ་འབད་རུང་ འབྲུག་ལུ་དམངས་གཙོའི་རིང་ལུགས་ འགོ་བཙུགས་མི་དེ་ མཐའ་འཁྱོལ་ཅན་བཟོ་ཐབས་ལུ་ ཤེས་ཡོན་ཅན་གྱི་འབྲུག་མི་ཚུ་ལུ་ འགན་འཁྲི་ཕོག་པའི་ཁར་ སྲིད་དོན་ནང་ འབྲེལ་གཏོགས་འབད་མི་གིས་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ནིའི་གོ་སྐབས་བཟང་པོ་ཅིག་ཨིན་པའི་ དྲན་ཚོར་བྱུང་ཞིནམ་ལས་ དང་འདོད་བསྐྱེད་ཅི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ཤེས་ཡོན་གྱི་མཁས་མཆོག་དང་ ལྕོགས་གྲུབ་ཡོད་མི་ མང་ཤོས་ཅིག་གིས་ སྲིད་དོན་ནང་འབྲེལ་གཏོགས་འབད་ནི་ལུ་ དང་འདོད་མ་བསྐྱེད་པའི་ཁར་ སྲིད་ཚོགས་ནང་ ཤེས་ཡོན་མཐར་འཁྱོལ་མི་ལཱ་གཡོག་ནང་མ་འཛུལ་མི་དང་ ཞི་གཡོག་ལས་ དགོངས་ཞུའི་ལོ་ཚད་ཚང་མི་ རྒས་ཤོས་ཚུ་གིས་མ་གཏོགས་ དང་འདོད་བསྐྱེད་མི་མེདཔ་ལས་ ལྕོགས་གྲུབ་ཅན་ཚུ་གིས་ དམངས་གཙོའི་རིང་ལུགས་མཐར་འཁྱོལ་ཅན་བཟོ་ཐབས་ལུ་ དང་འདོད་བསྐྱེད་དགོཔ་འདུག་ཟེར་ཨིན་པས།
ད་ལྟོ་ རྒྱལ་ཡོངས་ཀེན་སར་མི་སྡེའི་གཞི་ཚོགས་ གཞི་བཙུགས་ཀྱི་དོན་ལུ་ བརྩོན་ཤུགས་བསྐྱེད་མི་ ལི་ལི་གིས་ འདས་པའི་བདུན་ཕྲག་༡ དེ་ཅིག་གི་ཧེ་མར་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ མདོ་ཆེན་ལས་ དགོངས་ཞུ་འབད་ཡོདཔ་ད་ མོ་ལུ་ སྲིད་ཚོགས་གཞན་མི་ཚུ་གིས་ཡང་ འཐུས་མིའི་མཁོ་འདོད་བསྐྱེད་རུང་ མོ་གིས་ འབྲུག་སྤྱིར་དབང་ཚོགས་པ་གདམ་ཁ་རྐྱབ་མི་དེ་ གཙོ་བོ་ར་ ཚོགས་པའི་གཞི་རྩ་དེ་ གཅིག་སྒྲིལ་དང་ ཕན་བདེ་ལུ་ གཙོ་རིམ་གྱི་ལྟ་བ་ཡོད་མི་ལུ་ ཡིད་ཆེས་དང་ ལྷག་པར་དུ་ ཚོགས་པ་དེ་ ས་གནས་ཀྱི་ ཞི་རིམ་མི་སེར་ཚུ་ མཉམ་རུབ་ཐོག་ གཞི་བཙུགས་འབད་ཡོདཔ་ལས་ ཚོགས་པ་དེ་གིས་ ས་གནས་ཀྱི་མི་སྡེའི་གནས་སྟངས་ལུ་ བསྒྱུར་བ་བཟོ་ནིའི་ དམིགས་ཡུལ་ཡོད་མི་ལུ་ ཡིད་ཆེས་སྦོམ་བྱུང་ཡི་ཟེར་ཨིན་པས།
མོ་གིས་ སྲིད་དོན་ནང་ འགོ་ཁྲིད་ཀྱི་འགན་ལེན་ཐོག་ བཅའ་མར་གཏོགས་ནི་གི་གོ་སྐབས་དང་ མི་མང་གིས་ ཡིད་ཆེས་དང་ རྒྱབ་སྐྱོར་འབད་དེ་ ཚོགས་པའི་གཙོ་འཛིན་གྱི་ འགན་འཁྲི་སྤྲོད་མི་དེ་ འབྲུག་གི་ཨམ་སྲུ་ཡོངས་ལུ་ དཔའ་ཉམས་ཅན་གྱི་གནས་སྟངས་ཅིག་ཨིནམ་ལས་ སེམས་ཁར་སྤྲོ་བ་སྦོམ་བྱུང་ཡི་ཟེར་ཨིནམ་ད་ གཞུང་སྐྱོང་ལམ་ལུགས་དང་ འགོ་ཁྲིད་གནས་སྟངས་ཚུ་ནང་ ཕོ་སྐྱེས་ཚུ་གིས་ འབྲེལ་གཏོགས་མངམ་ཡོདཔ་ལས་ དེ་ནང་ བསམ་འཆར་དང་ རིག་པ་གསརཔ་གྱི་ཁྱད་པར་ཅིག་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment