གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀའ་དབང་ཞུ་ནིའི་དོན་ལུ་ དགེ་ལེགས་ཕུག་ལུ་ ཁྱིམ་མ་ཐོབ་པའི་དཀའ་ངལ།

༩/༡༡/༢༠༡༢   ༉ འཕྲལ་མགྱོགས་ར་ དགེ་ལེགས་ཕུག་ལུ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་གྱི་བཀའ་དབང་གནང་ནི་ཨིནམ་བཞིན་དུ་ ད་རེས་ནངས་པ་ དད་ཅན་ཚུ་གིས་ ཁྲོམ་དང་ ཁྲོམ་གྱི་ཉེ་འདབས་ས་ཁོངས་ཚུ་ནང་ ཁྱིམ་འཚོལ་དོ་ཡོད་རུང་ ཁྱིམ་མ་ཐོབ་པའི་དཀའ་ངལ་བྱུང་སྟེ་ ཡོདཔ་ཨིན་པས།
བཀའ་དབང་གི་དོན་ལུ་ བཅའ་སྒྲིག་རྐྱབ་པའི་བསྒང་ཡོད་མི་ དགེ་ལེགས་ཕུག་ཁྲོམ།



ད་རེས་ནངས་པ་ ཁྱིམ་འཚོལ་བའི་བསྒང་ཡོད་མི་ཅིག་ རྒྱ་གར་མའི་སོར་ རྣམ་གྲོལ་གླིང་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་ལས་ དགེ་སློང་བསོད་ནམས་རྡོ་རྗེ་དེ་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ དབང་དེ་བྱིན་རླབས་ཆེ་དྲགས་ཨིནམ་ལས་ ཞུ་ནིའི་དོན་ལུ་ ངོ་ཤེས་དྲིས་ཤེས་ཡོད་མི་ཚུ་ལུ་ ག་དེམ་ཅིག་འགྲུལ་འཕྲིན་ཐོག་ལས་སྦེ་ ཁྱིམ་འཚོལ་གནང་ཟེར་སླབ་རུང་ ཁྱིམ་ཆ་མཉམ་ མཁོ་མངགས་འབད་ཚར་ནུག་ཟེར་ སླབ་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དབང་ཞུ་ནིའི་དོན་ལུ་ ཁྱིམ་ཅིག་ག་ཏེ་ལས་ཐོབ་ག་ ཚ་གྱང་ལང་སྟེ་ཡོད་རུང་ ད་ལྟོ་ འཚོལ་བའི་བསྒང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ དགེ་ལེགས་ཕུག་ཁྲོམ་ཁར་སྡོད་མི་ ཨོ་རྒྱན་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་རའི་ཆ་རོགས་དག་པ་ཅིག་གིས་ ཁྲོམ་ཁར་ ཟླཝ་༡ གི་དོན་ལུ་ ཁྱིམ་འཚོལ་གནང་ཟེར་སླབ་མི་ ལེ་ཤ་ཐོན་རུང་ ཁྱིམ་རེ་གཉིས་ཡོད་མི་ཚུ་ཡང་ གཞན་གྱིས་ མཁོ་མངགས་འབད་ཚར་ནི་དེ་གིས་ མི་ཐོབ་པས་ཟེར་ཨིན་པས།
དགེ་ལེགས་ཕུག་ ཁྲོམ་ཁར་ཡོད་མི་ བཟའ་ཁང་མང་ཤོས་ཅིག་གི་ ཁང་མིག་ཚུ་ཡང་ ཧེ་མ་ལས་ མཁོ་མངགས་འབད་ཚར་ཡོདཔ་ཨིན་པས།
མཆོད་རྟེན་བཟའ་ཁང་གི་འཛིན་སྐྱོང་པ་ བུ་དྷ་གིས་སླབ་མིའི་ནང་ བཟའ་ཁང་ནང་ ཁང་མིག་༡༦ ཡོད་མི་ཚུ་ཡང་ ཆ་མཉམ་ར་ དབང་ཞུ་མི་ཚུ་གིས་ མཁོ་མངགས་འབད་ཚར་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་ལཱན་བཟའ་ཁང་གི་ཇོ་བདག་ ཕུར་པ་གིས་སླབ་མིའི་ནང་ བཟའ་ཁང་ནང་ དབང་གི་དོན་ལུ་ ཁྱིམ་འཚོལ་བ་འོང་མི་ ལེ་ཤ་འོང་དོ་ཡོདཔ་ཨིན་རུང་ ཁང་མིག་བསྡོམས་ཀྱིས་༡༢ ཡོད་ས་ལས་ ཁང་མིག་༣ དེ་ཅིག་ལས་བརྒལ་ མ་བྱིན་མི་དེ་ཡང་ ནང་ན་ ཐབ་ཆས་མེ་རླུང་གེསི་ཚུ་ལག་ལེན་འཐབ་དོ་ཡོདཔ་ལས་ ཉེན་ཁ་ཡོད་ནི་དེ་གི་ཨིན་ཟེར་ཨིན་པས།
ཀརྨ་གླིང་བཟའ་ཁང་ནང་འབད་བ་ཅིན་ བཟའ་ཁང་ནང་ ཁང་མིག་༡༥ དེ་ཅིག་ཡོད་ས་ལས་ དབང་གི་དོན་ལུ་ འཚོལ་མི་འཐོན་དོ་ཡོད་རུང་ ཁྱིམ་མེདཔ་བཏང་མས་ཟེར་མནོ་སྟེ་ ག་ལུ་ཡང་མ་བྱིན་ཟེར་ འཛིན་སྐྱོང་པ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ ཁྲོམ་ཁར་ ཁྱིམ་གྱི་མཁོ་འདོད་ཡར་འཕར་སོང་སྟེ་ཡོདཔ་ད་ ཁྱིམ་འཚོལ་མི་ཅིག་གིས་ སླབ་མིའི་ནང་ ཁྲོམ་ཁར་ སྒྲིང་ཁྱིམ་ཅིག་ནང་ བཟའ་ཚང་ཅིག་ཤོང་བའི་ཁྱིམ་ སྟོངམ་ཅིག་ཡོད་སར་ མཁོ་མངགས་འབད་ནིའི་དོན་ལུ་ སྔོན་བྱིན་ དངུལ་ཀྲམ་འབུམ་༡ འབག་ཤོག་ཟེར་སླབ་ནི་དེ་གིས་ བཀོག་བཞག་དགོཔ་བྱུང་ཡི་ཟེར་ཨིན་པས།
ཆོས་ཞུ་མི་མང་ཤོས་ཅིག་གིས་ ཁྲོམ་གྱི་ས་ཁོངས་ནང་ཡོད་པའི་ རང་གི་སྤུན་ཆ་དང་ ཆ་རོགས་ དེ་ལས་ ངོ་ཤེས་འདྲིས་ཤེས་ཡོད་མི་ཚུ་ལུ་ སྡོད་ནིའི་དོན་ལུ་ ཆ་རོགས་འཚོལ་ཡོདཔ་ད་ ལ་ལུ་ཅིག་གིས་ ཆོས་གནང་སའི་ཉེ་འདབས་ལུ་ གུར་སྤུབ་སྟེ་ སྡོད་ནིའི་དཔའ་བཅམ་དོ་ཡོདཔ་ཨིན་པས།
འཇིགས་གླིང་བཀའ་འབུམ་གྱི་བཀང་དབང་དེ་ཡང་ སྤྱི་ཟླ་འདི་གི་ཚེས་༡༦ ལས་འགོ་བཙུགས་ སྤྱི་ཟླ་༡༢ པའི་ཚེས་༢༨ ཚུན་ གནང་ནི་ཨིནམ་བཞིན་དུ་ ད་རེས་ནངས་པ་ དྲུང་ཁག་དང་ ཁྲོམ་སྡེ་ དེ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་དང་ ས་གནས་ཀྱི་མི་སེར་ཚུ་གིས་ བཅའ་སྒྲིག་རྐྱབ་སྟེ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ཨིན་པས།
བྱིན་རླབས་ཅན་གྱི་དབང་དེ་ཡང་ དགེ་ལེགས་ཕུག་ཁྲོམ་གྱི་ཉེ་འདབས་ལུ་ཡོད་པའི་ བསྟན་པའི་སྐུ་འདྲ་ཅིག་ཡོད་སའི་ རྩེད་ཐང་ནང་ལུ་སྦེ་ གནང་ནི་ཨིནམ་ད་ དེ་ནང་ རྒྱལ་ཁབ་ནང་འཁོད་དང་ ཕྱི་ཁ་ལས་ དད་ཅན་སྟོང་ཕྲག་༣༠ ལྷགཔ་ཅིག་ འཛོམས་ནིའི་རེ་བ་ཡོདཔ་ཨིན་པས།
དབང་དེ་ སྒེར་མི་ དཀོན་མཆོག་ཚེ་རིང་དང་ བློ་བཟང་ཚེ་རིང་ དེ་ལས་ ཚེ་རིང་རྡོ་རྗེ་༣ གྱིས་ སྦྱིན་བདག་འབད་ཐོག་ལས་ གནང་ནི་ཨིནམ་ད་ ཆོས་ཞུ་མི་ཚུ་ལུ་ གསོལ་ཇ་དང་ ཉི་མའི་གསོལཝ་ཚུ་ དྲང་ནི་ཨིན་པའི་གནས་ཚུལ།


དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment