གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ བྱ་ཁྲུང་ཁྱུང་སྐེ་ནག་ ཧ་སུ་སྦེ་ལྷོད་ཡོདཔ།

༩/༡༡/༢༠༡༢    ༉ དུས་ཅི་ བྱ་ཁྲུང་ཁྲུང་སྐེ་ནག་༤༣ དེ་ཅིག་ དབང་འདུས་ཕོབ་སྦྱིས་ཁ་དང་ བཀྲིས་གཡང་རྩེ་ བུམ་སྡེ་གླིང་ལུང་གཤོང་ནང་ ཆགས་ཡོད་མི་དེ་ ལོ་ཧེ་མམ་ཚུ་དང་ཕྱདཔ་ད་ དུས་ཅི་ཧ་སུ་སྦེ་ ལྷོད་ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།


དེ་ཡང་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ འབད་བ་ཅིན་ ཤོ་ཐེངས་དང་པའི་ནང་ བྱ་ཁྲུང་ཁྲུང་སྐེ་ནག་གཞོན་ཤོས་༣ དེ་ཅིག་ སྤྱི་ཟླ་༡༠ པའི་ཚེས་༢༧ ལུ་ ཕོབ་སྦྱིས་ཁའི་ལུང་གཤོང་ནང་ལྷོད་པའི་ཤུལ་ལས་ སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ ད་རུང་ ཁྲུང་ཁྲུང་སྐེ་ནག་༢ བཀྲིས་གཡང་རྩེ་བུམ་སྡེ་གླིང་ལུང་གཤོང་ནང་ལྷོད་ཅི་ཟེར་ སླབ་ཨིན་པས།
བདུན་ཕྲག་༢ ཀྱི་ནང་འཁོད་ ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་སྐེ་ནག་༤༣ དེ་ཅིག་ལྷོད་ཡོད་པའི་གྲས་ལས་ ཁྲུང་ཁྲུང་སྐེ་ནག་༦ དེ་ ན་གཞོན་ཚུ་ཨིན་རུང་ བཀྲིས་གཡང་རྩེ་ བུམ་སྡེ་གླིང་ལུ་ ད་ཚུན་ ཁྲུང་ཁྲུང་སྐེ་ནག་༢ ལས་བརྒལ་མ་འོང་ཟེར་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ལས་ འགོ་དཔོན་འཇིགས་མེད་ཀྱིས་ སླབ་ཨིན་པས།
སྤྱི་ལོ་༢༠༡༡ ལོའི་ནང་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་༣༠༠༠ གི་ས་གནས་ཁར་འབད་མི་ ཕོབ་སྦྱིས་ཁ་ལུ་ སྤྱི་ཟླ་༡༡ པའི་ བར་ཁམས་ཅིག་ཁར་ ཁྲུང་ཁྲུང་སྐེ་ནག་འོང་ཡོདཔ་བཞིན་དུ་ ལོ་དེ་ནང་ ཁྲུང་ཁྲུང་སྐེ་ནག་༣༤༧ འོང་ཡོདཔ་ཨིན་པས།
ཨོ་རྒྱན་དབང་ཕྱུག་ རང་བཞིན་གནས་སྟངས་ཉམས་སྲུང་སྤེལ་ཁང་ལྟེ་བ་ལས་ ཞིབ་དཔྱད་དང་ ཤེས་ཡོན་འགོ་དཔོན་ བྲཌ་ཤེས་རབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ བྱ་ཁྲུང་ཁྲུང་སྐེ་ནག་ཚུ་ ཧ་སག་འོང་མི་དེ་ ས་མཐོ་ས་ཚུ་ནང་ གནམ་གཤིས་ཚ་དྲོད་ཀྱི་ འགྱུར་བ་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།
བྱ་རིགས་ཚུ་ གནམ་བྱཱར་གྱི་སྐབས་ འབྲུག་པའི་ས་ཁོངས་ནང་ལས་ བོད་གངས་ལྗོངས་ལུ་ འཕུར་འགྱོ་དོ་ཡོདཔ་ད་ བོད་ཀྱི་ས་གནས་ནང་ བསིལ་བཏགས་པའི་བསྒང་ལས་ འབྲུག་ལུ་འཕུར་འོང་དོ་ཡོདཔ་ཨིན་པས།
གནམ་དགུན་གྱི་སྐབས་ བྱ་ཁྲུང་ཁྲུང་ཚུ་གིས་ འབྲུག་པའི་ས་གནས་ནང་ ཟླཝ་༤ ལྷགཔ་ཅིག་གི་རིང་ འཁྱམས་སྡོད་དེ་ ཟླཝ་༣ པ་དང་༤ པའི་ནང་ ལོག་བོད་ལུ་འཕུར་འགྱོཝ་མས་ཟེར་ སླབ་ཨིན་པས།
རྒྱལ་ཁབ་ནང་ ཁྲུང་ཁྲུང་སྐེ་ནག་འཁྱམས་སའི་ས་ཁོངས་ དབང་འདུས་ཕོབ་སྦྱིས་ཁ་དང་ བཀྲིས་གཡང་རྩེ་ བུམ་སྡེ་གླིང་ དེ་ལས་ ས་གནས་ གཞན་ སྤ་རོ་དང་ དབང་འདུས་ མཁོ་ཐོ་ཁ་ བུམ་ཐང་དགེ་རྩ་ ཆུ་སྨད་ སྟང་སྦི་ དེ་ལས་ ལྷུན་རྩེ་རྫོང་ཁག་གི་ ས་གནས་ཚུ་ནང་ཡང་ ཆགས་དོ་ཡོདཔ་ཨིན་པས།
རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཐོ་བཀོད་སྙན་ཞུ་དང་འཁྲིལཝ་ད་ ཁྲུང་ཁྲུང་སྐེ་ནག་གི་ གྱངས་ཁ་ཡར་སེང་དེ་ སྤྱི་ལོ་༡༩༩༡ དང་༡༩༩༢ ནང་༢༢༥ ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༡ དང་༢༠༡༢ ནང་ ༤༤༧ དེ་ཅིག་ལུ་ལྷོད་ཡོདཔ་བཞིན་དུ་ འཁྱམས་སའི་ས་ཁོངས་ཚུ་གི་གྲས་ལས་ ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་སྐེ་ནག་ མཐོ་ཤོས་སྡོད་དོ་ཡོདཔ་ད་ སྤྱི་ལོ་༡༩༩༡ དང་༡༩༩༢ ནང་ ༡༠༢ འཁྱམས་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༠-༢༠༠༡ ལུ་ ཁྲུང་ཁྲུག་༢༤༨ དེ་ལས་ སྤྱི་ལོ་༢༠༠༩-༢༠༡༠ ནང་ ཁྲུང་ཁྲུང་༣༢༦ ཆགས་ཡོདཔ་ཨིན་པས།
བུམ་སྡེ་གླིང་ལུ་ ལོ་གཅིག་བ་ལོ་གཅིག་ ཁྲུང་ཁྲུང་སྐེ་ནག་འཁྱམས་ཡོད་མི་དེ་ མར་བབས་འགྱོ་དོ་ཡོདཔ་ད་ སྤྱི་ལོ་༢༠༠༤ ལུ་ ཆུ་རུད་ཐོན་ཏེ་ འབྱ་འཚོ་སའི་ཨ་རིང་ཚུ་ འཕྱགས་བདའ་བའི་ཤུལ་ལུ་ འཁྱམས་སའི་ས་ཁོངས་ཚུ་ མེདཔ་ཐལ་ཡོདཔ་ལས་ ཨ་རིང་ཚུ་བཅད་ཞིནམ་ལས་ ལོག་བྱ་ཚུ་ འཁྱམས་ས་བཟོ་དགོ་པས་ཟེར་ཨིན་པས།
བུམ་ཐང་ལུ་འབད་བ་ཅིན་ ཧེ་མ་འཁྱམས་སའི་ ས་གོ་ཚུ་ སྟོང་ཕུ་ཤིང་གིས་མེདཔ་བཏང་ཡོདཔ་བཞིན་དུ་ ཕོབ་སྦྱིས་ཁ་ལུ་འབདན་ སྦ་ཚུ་སྐྱེས་ཏེ་ འཁྱམས་སྡོད་སའི་ས་ཁོངས་མེདཔ་ཐལ་མི་ལུ་བརྟེན་ཨིན་མས་ཟེར་ བྲཌ་ཤེས་རབ་ཀྱིས་བཤདཔ་ཨིན་པས།
དེ་འབདཝ་ལས་ ཁྲུང་ཁྲུང་སྐེ་ནག་ཚུ་ རྒྱལ་ཁབ་ནང་ འོང་མི་དེ་ མར་བབས་སོང་བའི་གནད་དོན་དང་ རྒྱལ་ཁབ་ནང་ ག་དེ་སྦེ་ འོང་བཅུག་ནི་ཨིན་ནའི་སྐོར་ལས་ ལཱ་འབད་དགོཔ་འདུག་ཟེར་ཨིན་པས།
ཕོབ་སྦྱིས་ཁ་ལུ་སྦེ་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་དང་ ཕོབ་སྦྱིས་ཁ་རང་བཞིན་གནས་སྟངས་འཛིན་སྐྱོང་ཚོགས་ཆུང་༢ མཉམ་རུབ་ཐོག་ལས་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ ཁྲུང་ཁྲུང་སྐེ་ནག་འགོ་ཐོག་ རྒྱལ་ཁབ་ནང་ ལྷོད་ཡོད་པའི་དགའ་ཚོར་ལུ་ ཁྲུང་ཁྲུང་སྐེ་ནག་གི་ དུས་སྟོན་བརྩི་སྲུང་འབད་ནི་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment