གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསར་བཞེངས་བསྒྲུབས་མི་ སྟོན་པ་གཙོ་འཁོར་གསུམ་གྱི་མཐོང་གྲོལ་ལུ་ རབ་གནས་གནང་ཡོདཔ།

༧/༡༡/༢༠༡༢   ༉ ཁ་ཙ་ རྒྱལ་བ་ལྷ་བབས་པའི་དུས་ཆེན་དང་འབྲེལ་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ དབུ་བཞུགས་ཐོག་ལས་ གཞུང་གྲྭ་ཚང་གི་ དགེ་སློང་ཚུ་གིས་ སྟོན་པ་གཙོ་འཁོར་གསུམ་གྱི་ མཐོང་གྲོལ་གསར་བཞེངས་བསྒྲུབས་མི་ལུ་ བཀྲིས་རབ་གནས་མཛད་གནང་ཡི།
ནངས་པ་ ཇ་པཱན་ལུ་ གདན་འདྲེན་ཞུ་ནི་ཨིན་མི་ སྟོན་པ་གཙོ་འཁོར་གསུམ་གྱི་མཐོང་གྲོལ།


མཐོང་གྲོལ་དེ་ གཞུང་གྲྭ་ཚང་དང་ ལྷག་པར་དུ་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་མཆོག་གིས་ འགོ་འདྲེན་ཐོག་ལས་ བཞེངས་ཡོདཔ་ད་ དེ་ཡང་ ཇ་པཱན་གྱི་ ཨ་གཱོན་ཤུ་ཆོས་ཚོགས་ཀྱིས་ འབྲུག་གི་ལམ་ལུགས་ལྟར་དུ་ མཐོང་གྲོལ་ཅིག་ བཞེངས་དགོ་པའི་ ཞུ་བ་ཕུལ་མི་དང་འཁྲིལ་ཏེ་ བཞེངས་ཡོདཔ་ཨིན་པས།
གཞུང་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་ མགོན་པོ་རྡོ་རྗེ་གི་ སླབ་དོ་བཟུམ་འབད་བ་ཅིན་ མཐོང་གྲོལ་བཞེངས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ཇ་པཱན་ལུ་ ཞི་བདེ་དང་ དགའ་སྐྱིད་འབྱུང་ཐབས་ཀྱི་དོན་ལུ་ཨིནམ་ད་ ལྷག་པར་དུ་ གཞུང་གྲྭ་ཚང་དང་ ཨ་གཱོན་ཤུ་ཆོས་ཚོགས་༢ ཀྱི་བར་ན་ མཐུན་ལམ་དམ་ཟབ་ གནས་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཨ་གཱོན་ཤུ་ཆོས་ཚོགས་ནང་ལས་ དགེ་སློང་ཅིག་གིས་ བཤད་དོ་བཟུམ་སྦེ་ ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་མིའི་ནང་ ཇ་པཱན་རྒྱལ་ཁབ་ནང་ འབྲུག་པའི་ལམ་སྲོལ་ལྟར་ མཐོང་གྲོལ་བཞེངས་ཏེ་ ཁོང་རའི་རྒྱལ་ཁབ་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ་ མི་སེར་ཚུ་གིས་ མཐོང་གྲོལ་དེ་ མཇལཝ་ཙམ་ཅིག་གིས་ ནང་པའི་ཆོས་ལུགས་ ཧ་གོ་ཚུགས་པའི་ཁར་ འབྲུག་རྒྱལ་ཁབ་ཀྱི་ ལམ་སྲོལ་བདག་འཛིན་འཐབ་ནི་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ཇ་པཱན་རྒྱལ་ཁབ་ནང་ ནང་པའི་ཆོས་སྡེའི་དོན་ལུ་ འབྲུག་ལས་ དེ་བཟུམ་མའི་ མཐོང་གྲོལ་བཞེངས་ཏེ་ གདན་འདྲེན་ཞུ་མི་དེ་ འགོ་དང་པ་ཨིནམ་ད་ ཇ་པཱན་ལུ་ འབྲུག་པའི་ལྷ་ཁང་དང་ བཟོ་བཀོད་ཅོག་འཐདཔ་འབད་མི་ཅིག་ བཞེངས་ནིའི་དོན་ལུ་ གནང་བ་ཞུ་ཡོདཔ་བཞིན་དུ་ གནང་བ་ཡང་ ཐོབ་ཡོདཔ་ཨིན་པས།
ལྟ་ཁང་དེ་ནང་ སྐུ་གསུང་ཐུགས་རྟེན་དང་ ཆོས་རྫས་ཚུ་ག་ར་ འབྲུག་པའི་ལུགས་སྲོལ་ལྟར་དུ་ བཙུགས་ནི་ཨིནམ་ད་ ད་ཚུན་ ཇ་པཱན་གྱིས་ འབྲུག་པའི་དགེ་སློང་༨༩ དེ་ཅིག་ལུ་ ཤེས་ཡོན་ལྟ་སྐོར་གྱི་ གོ་སྐབས་བྱིན་ཡོདཔ་ཨིན་པས།
རིང་ཚད་ཕིཊ་༡༩.༩ དང་ རྒྱ་ཚད་ཕིཊ་༣༣ འབད་མི་ མཐོང་གྲོལ་དེ་ལུ་ དངུལ་ཀྲམ་འབུམ་༡༢ དང་ སྟོང་ཕྲག་༥༠ དེ་ཅིག་གནས་ཡོདཔ་ད་ མཐོང་གྲོལ་དེ་ནང་ སྟོན་པ་གཙོ་འཁོར་གསུམ་དང་ ཆོས་ལོངས་སྤྲུལ་གསུམ་ དེ་ལས་ ཚེ་ལྷ་རྣམ་གསུམ་ ཡོདཔ་ད་ མཐོང་གྲོལ་བཞེངས་ནིའི་དོན་ལུ་ ཨ་གཱོན་ཤུ་ཆོས་ཚོགས་ཀྱིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
མཐོང་གྲོལ་གྱི་ བཀྲིས་རབ་གནས་སྐབས་ ནང་སྲིད་དང་སྲོལ་འཛིན་བློན་པོ་ མི་འགྱུར་རྡོ་རྗེ་དང་ ཨ་གཱོན་ཤུ་ཆོས་ཚོགས་ནང་ལས་ རྡོ་རྗེ་སློབ་དཔོན་གྱིས་གཙོས་པའི་ དགེ་སློང་༧ གྱིས་ གྲལ་གཏོགས་འབད་ཡོདཔ་མ་ཚད་ དད་ཅན་བརྒྱ་ལས་བཅད་དེ་ མཇལ་ཁ་ཞུ་བར་ འཛོམས་ཡོདཔ་ཨིན་པས།
 སྟོན་པ་གཙོ་འཁོར་གསུམ་གྱི་མཐོང་གྲོལ་དེ་ ནངས་པ་ འབྲུག་ལས་ཇ་པཱན་ལུ་ གདན་འདྲེན་ཞུ་ནི་ཨིན་པའི་གནས་ཚུལ།

སངས་རྒྱས་དཔལ་འབྱོར།

No comments:

Post a Comment