གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་སྡེ་ཚན་ཅིག་ལུ་ བཙོན་ཁྲིམས་ཟླཝ་༡ ལས་ལོ་༡༠ གྱི་བར་ན་བཀལ་ཡོདཔ།

༧/༡༡/༢༠༡༢   ༉ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལས་ སྤྱི་ཟླ་༣ པའི་ཚེས་༢༢ ཀྱི་ ནུབ་མོའི་ཆུ་ཚོད་༡༢ དང་ སྐར་མ་༤༥ དེ་ཅིག་ཁར་ ཐིམ་ཕུ་ ལྕང་ཇི་ཇི་ཟམ་གྱི་ ཉེ་འདབས་ལུ་ ཕོ་སྐྱེས་ཅིག་ བསད་པའི་ཁར་ གཞན་མི་༢ ལུ་ རྨ་སྐྱོན་བཏོན་ཡོད་པའི་ བྱ་ངན་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་སྡེ་ཚན་ཅིག་དང་ འབྲེལ་གཏོགས་འབད་མི་ཚུ་ལུ་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༢༠ དང་༢༥ འི་བར་ན་འབད་མི་ ཕོ་སྐྱེས་༦ འབད་མིའི་ སྡེ་ཚན་དེ་གིས་ ལྕང་ཇི་ཇི་ཟམ་གྱི་ ཉེ་འདབས་ལུ་ ཆང་ཁང་ཅིག་གི་གདོང་ཁར་ འཐབ་འཛིང་འབད་བའི་སྐབས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ལུ་ གྱི་རྫམ་རྐྱབ་སྟེ་ ས་གོ་དེ་ནང་ར་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།

གནས་ཚང་དང་གཅིག་ཁར་ གཉེན་ཡ་འབྲལ་སོང་མི་ བཀྲིས་སྒང་ རོང་འཐུང་ལས་ཨིན་མི་ ཚེ་འདས་ ཀརྨ་འཕྲིན་ལས་ལུ་ ཨ་ལུ་༡ ཡོདཔ་ད་ རྐྱེན་ངན་བྱུང་བའི་སྐབས་ ཚེ་འདས་ལུ་ ཆ་རོགས་༢ ཡོད་པའི་གྲས་ལས་ སྐྱེས་ལོ་༢༩ ལང་མི་ གནས་སྐབས་སློབ་དཔོན་བགྲེསཔ་གི་ ཨ་བུ་གུ་ གྱི་གསོབ་ཡོདཔ་མ་ཚད་ བརླད་དོ་༢ ཆ་ར་གུ་ གྱི་ཐེངས་ཕོག་རེ་རྐྱབ་སྟེ རྨ་སྐྱོན་བཏོན་ཡོདཔ་ཨིན་པས།

དེ་ལས་ སྐྱེས་ལོ་༢༨ ལང་མི་ གློག་རིག་ཀམ་པུས་ཊར་རྩེད་ཁང་གི་ ཇོ་བདག་ དེ་ཡང་ མགུ་ཏོ་དང་ གདོང་གུ་ རྨ་སྐྱོན་ལེ་ཤ་ཅིག་ར་བཏོན་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྫོང་ཁག་ཁྲིམས་འདུན་ལས་ སྤྱི་ཟླ་༡༠ པའི་ཚེས་༢༩ ལུ་ དབྱེ་ཞིབ་འབད་དེ་ འབྲེལ་གཏོགས་འབད་མི་ཚུ་གི་ ཉེས་པ་དང་འཁྲིལ་ཏེ་ མི་ངོ་རེ་རེ་ལུ་ གཞུང་གི་ ཁྲིམས་ལུགས་དང་འཁྲིལ་ འཁྲུན་ཆོད་གནང་མི་དང་འཁྲིལ་ ཀྲོང་གསར་ དཔོན་གར་གཡུས་ཚན་ལས་ སྐྱེས་ལོ་༡༩ ལང་མི་ བསོད་ནམས་ཕུན་ཚོགས་ཀྱིས་ སྤུ་ན་ཁ་ ཇ་བ་ཁ་ལས་ སྐྱེས་ལོ་༡༩ ལང་མི་ རྣམ་རྒྱལ་རྡོ་རྗེ་ལས་ གྱི་ལེན་ཏེ་ ཚེ་འདས་ཀརྨ་འཕྲིན་ལས་ དམར་བསད་འབད་མི་ལུ་བརྟེན་ ཉེས་ཁྲིམས་མཐོ་ཤོས་ལོ་༡༠ བཀལ་ཡོདཔ་མ་ཚད་ ཉམས་རྒུདཔ་རིག་འཛིན་དབང་འདུས་ལུ་ གྱི་རྫམ་རྐྱབ་སྟེ་ རྨ་བཏོན་ཁྲག་བཏོན་འབད་ཡོདཔ་ལས་ རྒུད་འཐུས་ཚུ་ སྤྲོད་དགོཔ་ཨིན་པས།
བསོད་ནམས་ཕུན་ཚོགས་ཀྱིས་ ཐབ་ཚང་ནང་ལས་ གྱི་འཐུ་འབག་སྟེ་ རྣམ་རྒྱལ་རྡོ་རྗེ་ གྱི་རྫམ་རྐྱབ་སྟེ་ ཤི་རྐྱེན་བྱུང་ཡོདཔ་ད་ ཉེས་ལས་ནང་ འབྲེལ་གཏོགས་མེད་རུང་ དམར་བསད་འབད་ནི་ལུ་ གྲབས་ཤོམ་ནང་ འབྲེལ་གཏོགས་ཡོདཔ་ལས་ དབྱེ་རིམ་༤ པའི་ ཉེས་ཁྲིམས་ལོ་༣ བཀལ་ཡོདཔ་མ་ཚད་ བཙན་བཟུང་ནང་གཡིབ་སྡོད་དེ་ ཉེས་བཤེར་ལུ་ བར་ཆད་རྐྱབ་ཡོདཔ་ལས་ ཉེས་ཁྲིམས་མཐོ་ཤོས་ལོ་༦ བཀལ་ནུག།
ཚེ་འདས་ཀྱི་ རོ་བསྡུ་དགེ་རྩ་ལུ་བརྟེན་པའི་ ཞག་གྲངས་༤༩ གི་ཟད་འགྲོ་ཚུ་ དཔྱ་གཅིག་བཅས་ རྒུད་འཐུས་དངུལ་ཀྲམ་༡,༣༡,༤༣༣.༣ སྤྲོད་དགོཔ་མ་ཚད་ ཉམས་རྒུདཔ་ རིག་འཛིན་དབང་འདུས་ལུ་ཡང་ གྱི་རྫམ་རྐྱབ་ཡོདཔ་ལས་ རྒུད་འཐུས་ཚུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
ལྷུན་གྲུབ་རྡོ་རྗེ་དང་ མགོནམ་རྡོ་རྗེ་༢ ཀྱིས་ འཐབ་འཛིང་ནང་ འབྲེལ་གཏོགས་མེད་རུང་ ཉེས་ལས་འཐབ་པའི་ས་ཁོངས་ལས་ བྲོས་ཟུར་སོང་སྟེ་ ཉེས་ལས་འདིའི་སྐོར་ལས་ ཤེས་བཞིན་དུ་ ག་ལུ་ཡང་ སྙན་ཞུ་མ་འབད་བར་བཞག་མི་ལུ་བརྟེན་ ཁོ་ར་ དོ་དམ་འོག་ལུ་ ཟླཝ་༡ དང་ཞག་གྲངས་༢༣ དང་ གཞན་མི་ལུ་ ཟླ་༡ དང་ཞག་གྲངས་༡༦ སྡོད་མི་དེ་གིས་ འཐུསཔ་སྦེ་འཁྲུན་ཆོད་གནང་ནུག།
ཟླ་བ་ཚེ་རིང་གིས་ ཧེ་མ་ཡང་ འཐབ་འཛིང་དང་ མཚོན་ཆ་བཏོན་ཡོད་པའི་ སྙན་ཞུ་དང་འཁྲིལ་ ཉེས་ཁྲིམས་ལོ་༡ བཀལ་ཡོདཔ་བཞིན་དུ་ ཉམས་རྒུདཔ་འཇམ་དཔལ་ནོར་བུ་གི་ མགུ་ཏོ་གུ་ལུ་ རྨ་བཏོན་ཁྲག་བཏོན་འབད་ཡོདཔ་ལས་ རྒུད་འཐུས་དངུལ་ཀྲམ་༡༥,༠༠༠ བྱིན་དགོཔ་ཨིན་པས།
སྟོབས་རྒྱས་ལུ་ ཉེས་ཁྲིམས་ལོ་༡ དང་ རྒུད་འཐུས་དངུལ་ཀྲམ་༡༥,༠༠༠ སྤྲོད་དགོཔ་ད་ ཀུན་ལེགས་ནོར་བུ་གིས་ འཐབ་འཛིང་འབད་བཅུག་ནིའི་དོན་ལུ་ སྣུམ་འཁོར་ནང་ གཞན་མི་ཆ་རོགས་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ ཆ་རོགས་འབད་ཡོདཔ་ལས་ ཉེས་ཁྲིམས་ཟླཝ་༣ ཕོག་ཡོདཔ་ཨིན་རུང་ ཁྲིམས་འཐུས་བཏབ་ཆོགཔ་ད་ ཉམས་རྒུདཔ་འཇམ་དཔལ་ནོར་བུ་ལུ་ རྒུད་འཐུས་དངུལ་ཀྲམ་༡༥,༠༠༠ བཏབ་དགོཔ་ཨིན་པས།
ཨྱོན་སྒྲོལ་མ་གིས་ མོ་རའི་ཆང་ཁང་ནང་ རྩོད་ཟླ་དང་ ཉམས་རྒུདཔ་ཚུ་གི་བར་ན་ འཐབ་འཛིང་འབད་དེ་ ཉེས་ལས་འཐབ་སར་མཐོང་རུང་ སྙན་ཞུ་མ་འབད་མི་དང་ མོ་རའི་ཆང་ཁང་དེ་ ཕྱི་རུའི་ཆུ་ཚོད་༡༠ ལུ་ མ་བསྡམས་པར་ཡོད་རུང་ མོ་གིས་སྒོ་བསྡམས་ད་ཡི་ཟེར་ རྫུན་གཏམ་ཞུ་མི་ལུ་བརྟེན་ ཉེས་ཕྲའི་ཉེས་ཁྲིམས་ལོ་༢ བཀལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མོ་གི་ཆང་ཁང་དེ་ དུས་ཚོད་ལས་བརྒལ་ཏེ་ སྒོ་ཕྱེ་བཞག་མི་ལུ་བརྟེན་ འཐབ་འཛིང་བྱུང་སྟེ་ དམར་བསད་འབད་ཡོདཔ་ལས་ ཆང་ཁང་གི་ཆོག་ཐམ་དེ་ ཆ་མེད་བཏང་ཡོདཔ་ད་ རྩོད་ཟླ་རྡོ་རྗེ་དབང་འདུས་ཀྱི་ཁྱིམ་ནང་ གནསཔ་བརྙ་སྡོད་མི་ཚུ་གི་བར་ན་ འཐབ་འཛིང་བྱུང་སྟེ་ དམར་བསད་འབད་ཡོད་པའི་སྐོར་ལས་ཤེས་རུང་ སྙན་ཞུ་མ་འབདཝ་ལས་ བཙོན་ཁྲིམས་ཟླ་༣ བཀལ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment