གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་འཛིན་ཨོ་བཱ་མ་ གནས་ཡུན་གཉིས་པ་སྦེ་ ལོག་བཙག་འཐུ་གྲུབ་ཡོདཔ།

༩/༡༡/༢༠༡༢   སྲིད་འཛིན་གསརཔ་གི་གནས་ཡུན་ སྤྱི་ལོ་༢༠༡༣ ཟླཝ་དང་པའི་ཚེས་༢༠ ལས་ འགོ་བཙུགས་ནི།

༉ རེས་གཟའ་ལྷག་པའི་ ནུབ་ཕྱེད་དེ་ཅིག་ཁར་ ཨེ་མི་རི་ཀའི་ མངའ་སྡེ་༥༠ ལས་ སྲིད་འཛིན་བཙག་འཐུའི་ ཚོགས་རྒྱན་གྱི་ རྒྱན་གྲངས་ཚུ་ ཧ་ལམ་གསལ་བསྒྲགས་འབད་ཚརཝ་བཞིན་དུ་ སྲིད་འཛིན་བཱ་རག་ཨོ་བཱ་མ་གིས་ པ་པུ་ལར་བཱོཌ་ཟེར་ མི་མང་གི་ ཚོགས་རྒྱན་དང་ ཨེ་ལེག་ཊོ་རཱལ་ ཀོ་ལེཇ་ཟེར་མི་ ཚོགས་ཁང་གོང་འོག་གི་ འཐུས་མི་ཚོགས་རྒྱན་གཉིས་ཆ་ར་ལས་ རྒྱལ་ཁ་ཐོབ་སྟེ་ ད་རུང་ སྲིད་འཛིན་གྱི གནས་ཡུན་གཉིས་པ་སྦེ་ བཙག་འཐུ་གྲུབ་ཅི།
སྲིད་འཛིན་བཱ་རག་ཨོ་བཱ་མ་དང་ སྲིད་འཛིན་འོག་མ་ ཇོ་བི་དཱན་༢ ཀྱིས་ ཅི་ཀ་གོ་ལུ་ རྒྱལ་ཁ་ཐོབ་པའི་ དགའ་ཚོར་གསལ་སྟོན་འབད་བའི་བསྒང་།
ཅི་ཀ་གོ་ལུ་ རྒྱབ་སྐྱོར་པ་ཚུ་གིས་ སྲིད་འཛིན་བཙག་འཐུ་གྲུབ་མི་ལུ་ དགའ་ཚོར་བསྐྱེད་པའི་བསྒང་།
བཱོསི་ཊཱོན་ལུ་ མིཊ་རོམ་ནིའི་ རྒྱབ་སྐྱོར་པ་ཚུ་ སེམས་ཕམ་དང་བཅས་ སྒུག་སྡོད་པའི་བསྒང་།


སྲིད་འཛིན་བཱ་རག་ཨོ་བ་མ་གིས་ ཁོ་གི་དོ་འགྲན་པ་ མ་ས་ཅུ་སེཊ་གི་ གཞུང་འཛིན་སྤྱི་ཁྱབ་བགྲེསཔ་ མིཊ་རོམ་ནི་ལས་ རྒྱལ་ཁ་ཐོབ་མི་དང་བསྟུན་ ཚོགས་རྒྱན་བཙུགས་མི་ཚུ་གི་ ནང་འཁོད་ལུ་ ཨེ་མི་རི་ཀའི་ དཔལ་འབྱོར་ཉམས་འགྱོ་བའི་ ནམ་དུས་ལུ་ ཨོ་བཱ་མ་གིས་ རྒྱལ་ཁ་ག་དེ་སྦེ་ ཐོབ་ཚུགས་འོང་ག་ཟེར་ ཐེ་ཚོམ་ཐོག་ལུ་ གནས་མི་དེ་ཡང་ མེདཔ་བཟོ་ནུག།
སྤྱི་ལོ་༢༠༡༢ ཀྱི་ སྲིད་འཛིན་བཙག་འཐུའི་དོན་ལུ་ ཨེ་མི་རི་ཀའི་ མི་སེར་ས་ཡ་༡༡༥ ལྷགཔ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོད་མི་ལས་ སྲིད་འ་ཛིན་ཨོ་བཱ་མ་གིས་ ཚོགས་རྒྱན་༥༨,༩༦༡,༦༧༩ འབདཝ་ད་ བརྒྱ་ཆ་༥༠ ཐོབ་སྟེ་ མིཊ་རོམ་ནི་ལས་ རྒྱལ་ཁ་ཐོབ་ཡོད་རུང་ རོམ་ནི་གི་ ཚོགས་རྒྱན་༥༦,༦༠༡,༠༥༣ འབདཝ་ད་ བརྒྱ་ཆ་༤༨ ཐོབ་མི་དང་ཕྱདཔ་ད་ བརྒྱ་ཆ་༢ རྐྱངམ་གཅིག་གིས་ མཐོཝ་ཨིན་པས།
དེ་འབདཝ་ད་ ཐད་ཀར་མིན་པའི་ཐོག་ལས་ སྲིད་འཛིན་བཙག་འཐུ་འབད་ནིའི་ ལམ་ལུགས་མཐུན་མོང་མ་ཡིན་པ་ཅིག་ཨིན་མི་ ཨེ་ལེག་ཊོ་རཱལ་ ཀོ་ལེཇ་ནང་ འཐུས་མིའི་ཚོགས་རྒྱན་བསྡོམས་༥༣༨ ཡོད་མི་ལས་ སྲིད་འཛིན་བཱ་རག་ཨོ་བཱ་མ་གིས་ རྒྱན་གྲངས་༣༠༣ ཐོབ་སྟེ་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ མིཊ་རོམ་ནི་གིས་ རྒྱན་གྲངས་༢༠༦ མ་གཏོགས་ ཐོབ་མ་ཚུགསཔ་ད་ ཨེ་ལོག་ཊོ་རཱལ་གྱི་ ཚོགས་རྒྱན་ནང་ལས་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་དགོ་པ་ཅིན་ ཚོགས་རྒྱན་༢༧༠ ཐོབ་དགོཔ་ཨིན་པས།
སྲིད་འཛིན་གྱི་ བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས་འབད་བའི་ཤུལ་ལུ་ དགུང་ལོ་༥༡ ལང་མི་ སྲིད་འཛིན་ཨོ་བཱ་མ་གིས་ ཁོ་རའི་འདེམས་ཁོངས་ ཅི་ཀ་གོ་ལུ་ རྒྱབ་སྐྱོར་པ་སྟོང་ཕྲག་མང་རབས་ཅིག་ སྤུངས་འཛོམས་འབད་སར་ རྒྱལ་ཁ་ཐོབ་པའི་ གསུང་བཤད་ནང་ ཁོ་གི་ ཤུལ་མའི་གནས་ཡུན་ལོ་༤ གི་ནང་ ལྡོག་ཕྱོགས་ཚོགས་པ་ རི་པཱབ་ལི་ཀཱན་དང་གཅིག་ཁར་ ལཱ་འབད་ནི་དང་ དམིགས་བསལ་དུ་ རྒྱལ་ཁ་ཐོབ་མ་ཚུགས་མི་ ཁོ་རའི་དོ་འགྲན་པ་ མིཊ་རོམ་ནི་དང་གཅིག་ཁར་སྡོད་དེ་ རྒྱལ་ཁབ་འདི་ གོམ་པ་མདུན་ཕྱོགས་ལུ་ ག་དེ་སྦེ་ སྤོ་ནི་ཨིན་ནའི་ ཐབས་ལམ་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་འོང་ཟེར་བཤད་ཅི།
དོ་འགྲན་ཅན་དང་ ཟད་འགྲོ་ལྕི་དྲགས་གནས་མི་ བསྐུལ་བསྒྲགས་འགོ་བཙུགས་མི་ལས་ མཇུག་མ་བསྡུ་ཚོན་ཚོད་ རོམ་ནི་གིས་ སྲིད་འཛིན་ཨོ་བཱ་མ་ལུ་ དཔལ་འབྱོར་རྒྱུན་འཛིན་འབད་མ་ཚུགས་པའི་ཁར་ ཕྱོགས་བཟུང་འབད་བའི་ སྐྱོན་བརྗོད་ཚུ་ འབད་ཡོད་རུང་ སྲིད་འཛིན་ཨོ་བཱ་མ་གིས་འབད་བ་ཅིན་ འཆར་གཞི་དང་ དམིགས་དོན་ཚུ་ནང་ རི་པཱབ་ལི་ཀཱན་དང་ ཌེ་མོ་ཀེ་རེ་ཊིག་ཚོགས་པ་གཉིས་ཀྱི་བར་ན་ ཁྱད་པར་ལེ་ཤ་ཡོད་རུང་ རྒྱལ་ཁབ་ཀྱི་དོན་ལུ་ མནོ་བསམ་བཏང་མི་དང་ དམིགས་འཆར་བསྐྱེད་མི་ཚུ་ ཅོག་ར་འཐད་ཟེར་ཨིན་པས།
སྲིད་འཛིན་ཨོ་བཱ་མ་ལུ་ ཤུལ་མའི་ལོ་ངོ་༤ གི་གནས་ཡུན་ནང་ དོ་འགྲན་ལེ་ཤ་ཡོད་མི་དེ་ཡང་ ཨེ་མི་རི་ཀའི་ ལོ་བསྟར་གྱི་ འཆར་དངུལ་ཌོ་ལར་དུང་ཕྱུར་ཁྲི་༡ ལང་མ་ཚུགས་པར་ཡོད་མིའི་ དཀའ་ངལ་བསལ་དགོཔ་དང་ རྒྱལ་ཁབ་ཀྱི་བུ་ལོན་ ཌོ་ལར་དུར་ཕྱུར་ཁྲི་༡༦ ཡོད་མི་ མར་ཕབ་འབད་ནི་ལ་སོགས་པ་ཚུ་ཨིན་པས།
སྐྱེས་ལོ་༦༥ ལང་མི་ སྲིད་འཛིན་གྱི་འདེམས་ངོ་ མིཊ་རོམ་ནི་གིས་ བཙག་འཐུའི་ཕམ་ཁ་ལེནམ་དང་འབྲེལ་ ཁོ་རའི་འདེམས་ཁོངས་ བཱོསི་ཊཱོན་ལུ་ རྒྱབ་སྐྱོར་པ་ཚུ་ལུ་ སླབ་མིའི་ནང་ ད་རིས་ཀྱི་ དུས་ཚོད་དེ་ ཨེ་མི་རི་ཀའི་ རྒྱལ་ཁབ་ཀྱི་དོན་ལུ་ དོ་འགྲན་ཅན་ཅིག་ཨིནམ་ལས་ སྲིད་འཛིན་ཨོ་བཱ་མ་གིས་ རྒྱལ་ཁབ་དེ་ ཚུལ་མཐུན་གྱི་ མདུན་ལམ་ལུ་ སྣ་ཁྲིད་འབད་ནིའི་ནང་ མཐར་འཁྱོལ་བའི་ ལེགས་སྨོན་ཡོད་ཟེར་ཨིན་པས།
ཨིན་རུང་ ཕྱོགས་བཟུང་འབད་ནི་ཚུ་བཞག་སྟེ་ ཕྱོགས་གཉིས་ཆ་ར་གིས་ སྲིད་དོན་གྱི་ཧེ་མར་ མི་སེར་ཚུ་ལུ་ གཙོ་རིམ་བཟུང་སྟེ་ ཕྱག་ལཱ་གནང་དགོཔ་དེ་ གལ་ཆེ་ཟེར་ རོམ་ནི་གིས་ གསལ་བཤད་འབད་ཡི།
དེ་འབདཝ་ད་ ཝ་ཡེཊ་ཧ་འོསི་ནང་ ཚོགས་ཁང་གོང་འོག་གཉིས་ཆ་ར་ ཁག་གཉིས་སྦེ་ར་ ལུས་ཡོད་མི་དེ་ཡང་ སྲིད་འཛིན་ཨོ་བཱ་མའི་ ཌེ་མོ་ཀེ་རེཊསི་གིས་ འཐུས་མི་༡༠༠ ཡོད་མི་ སེ་ནེཊ་ཚོགས་ཁང་དེ་ བདག་དབང་འབད་བཞིན་དུ་ཡོད་པའི་ཁར་ འཐུས་མི་༤༣༥ ཡོད་མི་ ཚོགས་ཁང་འོག་མའི་ནང་ འཐུས་མི་མང་ཤོས་ རི་པཱབ་ལི་ཀཱན་ལས་ཡོད་མི་དེ་ཡང་ ཚོགས་ཁང་གོང་མའི་ནང་ ཌེ་མོ་ཀེ་རེཊ་གང་ འཐུས་མི་༥༢ དང་ རི་པཱབ་ལི་ཀཱན་ལུ་ ༤༨ ཡོདཔ་ད་ ཚོགས་ཁང་འོག་མའི་ནང་ རི་པཱབ་ལི་ཀཱན་གྱི་ འཐུས་མི་༢༣༢ དང་ ཌེ་མོ་ཀེ་རེཊསི་གི་འཐུས་མི་༡༨༧ ཡོདཔ་ཨིན་པས།
ཚོགས་ཁང་འོག་མའི་ འཐུས་མི་ཚུ་གི་ གནས་ཡུན་དེ་ ལོ་༢ དང་ སེ་ནེཊ་ཚོགས་ཁང་གི་ འཐུས་མི་ཚུ་གི་དོན་ལུ་ གནས་ཡུན་ལོ་༦ ཨིན་རུང་ བཙག་འཐུ་ཚུ་ དུས་ཚོད་སོ་སོ་ནང་ འབད་མི་ལུ་བརྟེན་ འཐུས་མི་ག་ར་ གནས་ཡུན་དུས་ཚོད་༡ ནང་ ཚང་ནི་མེདཔ་ཨིན་པས།
བཙག་འཐུ་གྲུབ་མི་ སྲིད་འཛིན་ཨོ་བཱ་མ་དང་ སྲིད་འཛིན་འོག་མ་ ཇོ་བི་དཱན་དེ་ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ ཚོགས་ཁང་གོང་འོག་གཉིས་ཀྱི་ འཐུས་མི་ཚུ་གིས་ ངོས་ལེན་ཆ་འཇོག་གི་ ཚོགས་རྒྱན་བཙུགས་ནི་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༣ ཟླཝ་དང་པའི་ཚེས་༢༠ ལུ་ སྲིད་འཛིན་གྱི་ གནས་ཡུན་གསར་པའི་ ཕྱག་འགན་འགོ་བཙུགས་ནི་ཨིན་པས།
སྲིད་འཛིན་བཙག་འཐུའི་དོན་ལུ་ བསྐུལ་བསྒྲགས་སྐབས་ འདེམས་ངོ་གཉིས་ཆ་ར་གིས་ མ་དངུལ་ཌོ་ལར་དུང་ཕྱུར་རེ་ ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།


མ་ས་ཅུ་སེཊ་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment