གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནད་བརྟག་ ཌོག་ཊར་གྱིས་ འཛིན་སྐྱོང་ལེགས་ཤོམ་མེད་མི་ལུ་ དཀའ་ངལ།

༣/༡༡/༢༠༡༢   ༉ སྐྱེས་ལོ་༣༢ ལང་མི་ཨམ་སྲུ་ཅིག་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་བརྟག་དཔྱད་ཀྱི་དོན་ལུ་འོང་བའི་སྐབས་ ཌོག་ཊར་ཅིག་གིས་ མོ་ན་མི་དེ་ གློ་བའི་ནང་ཆུ་འཛུལ་ཡོདཔ་སྦེ་སླབ་སྟེ་ སྨན་བཅོས་འབད་ཡོདཔ་ཨིན་པས།
ཨིན་རུང་ ཤུལ་ལས་ ཌོག་ཊར་གཞན་མི་ཅིག་དང་གྲོས་བསྟུན་འབད་བའི་སྐབས་ མོ་གི་མཆིན་པ་དེ་སྦོ་ཡོད་རུང་ ཤུལ་ལས་ནད་གཞི་དེ་ ཨཱར་རི་ཊིས་ཟེར་མི་ རུས་ཚིགས་ཀྱི་ནད་ཨིནམ་སྦེ་ ངོས་འཛིན་འབད་ནུག།



མོ་གིས་ འདས་པའི་ཟླཝ་༣ གྱི་རིང་ལུ་ སྨན་ཡང་ མ་འདྲཝ་གསུམ་དེ་ཅིག་བཟའ་སྟེ་ སྨན་ཁང་ནང་ལས་ཚར་གསུམ་ལོག་བཏང་ཡོདཔ་ཨིན་རུང་ མོ་གི་ནད་གཞི་བརྟག་དཔྱད་དེ་ ཌོག་ཊར་ཅིག་མིན་པར་ སོ་སོ་གིས་འབད་ཡོདཔ་ལས་ མོ་ར་སྨན་ཁང་ནང་ནམ་འོང་ཡི་ག་དང་ སྨན་ཁང་ལས་ ལོག་ག་གིས་བཏང་ཡོདཔ་ཨིན་ན་ ག་གིས་ཡང་མི་ཤེས་དོ་ཡོདཔ་ཨིན་པས།
ལས་འཛིན་ཅིག་ནང་ལཱ་འབད་མི་ནདཔ་དེ་ ད་རེས་ནངས་པ་ རྒྱ་གར་ཀོལ་ཀ་ཊ་ལུ་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ མོ་གི་སྤུན་ཆ་ཚུ་གིས་ཡང་ མོ་ནད་གཞི་ལས་དྲག་ཐབས་ལུ་ ཁྱིམ་ནང་ལྷ་སྲུང་གསོལ་དོ་ཡོདཔ་ཨིན་པས།
ནདཔ་དེ་ གཤག་བཅོས་འབད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༤༨ ཀྱི་ཧེ་མ་ལས་ གཤག་བཅོས་ཁང་ནང་འབག་ནི་ཨིན་མི་དེ་ སྨན་བྱིན་ཏེ་ ཁྱིམ་ནང་ལོག་བཏང་ཡོདཔ་མ་ཚད་ ད་རུང་ ནདཔ་ཅིག་ལུ་ གཤག་བཅོས་འབད་ཚར་བའི་ཤུལ་ལུ་ ཚད་འཇལ་ཀྱི་ ཅ་ཆས་ཅིག་ཡང་ གཟུགས་ཀྱི་ནང་ན་ ལུས་ཡོདཔ་ཨིན་པས།
དེ་བཟུམ་གྱི་ གནས་སྟངས་ཐོན་མི་དེ་ཡང་ རྒྱལ་ཁབ་ནང་གི་སྨན་ཁང་ཆ་མཉམ་ནང་ཕྱག་ཞུ་སྡོད་མི་ གསོ་བའི་འགོ་དཔོན་དང་ གསོ་བའི་ལས་བྱེདཔ་ཚུ་གིས་ གསོ་བའི་ཞབས་ཏོག་དེ་ ལེགས་ཤོམ་སྦེ་སྤྲོད་མ་ཚུགས་པའི་རྟགས་མཚན་དང་ སེམས་ཀྱི་དྲན་ཤེས་དུམ་གྲ་ཅིག་བག་གཡེང་ཤོར་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
གསོ་བའི་ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ མི་གི་ཚེ་སྲོག་ལུ་ཐོ་ཕོག་མི་དེ་ཡང་ ནད་གཞི་བརྟག་དཔྱད་འབད་ཐངས་འཛོལ་མི་དང་ སྨན་འཛོལ་མི་ཚུ་ལུ་བརྟེན་བྱུངམ་མས་ཟེར་ཨིནམ་ད་ གསོ་བའི་ལས་བྱེདཔ་ཚུ་ལུ་ཡོད་པའི་ ཡོན་ཏན་དང་ མཁས་རིག་དང་བསྟུན་ འབད་དོ་འོང་ཟེར་ཨིན་པས།
རྒྱལ་ཁབ་ནང་ གསོ་བའི་མཁས་རིག་ལྟ་རྟོག་འབད་མི་ འབྲུག་གི་གསོ་བའི་ཚོགས་སྡེ་ལུ་ ད་ལྟོ་ཚུན་གྱི་བར་ན་ གསོ་བའི་ཞབས་ཏོག་སྤྲོད་མི་ཚུ་གིས་ ཞབས་ཏོག་དེ་ ལེགས་ཤོམ་སྦེ་མ་སྤྲོད་པའི་སྐོར་ལས་ ཡིག་ཐོག་ལུ་ ཉོགས་བཤད་ཚུ་ ག་ནི་ཡང་ ལྷོད་ལྷོདཔ་མེད་ཟེར་ཨིན་པས།
ཨིན་རུང་ འདས་པའི་ཟླཝ་ནང་ འབྲུག་གི་གསོ་བའི་ཚོགས་སྡེ་གིས་ གསོ་བའི་ལས་བྱེདཔ་ཚུ་ལུ་ སྒྲིག་གཞི་དང་འཁྲིལ་ གསོ་བའི་ཞབས་ཏོག་དེ་ ཡར་དྲག་བཏང་ཐབས་ལུ་ ལཱ་ལེགས་ཤོམ་སྦེ་ འབད་དགོ་པའི་སྐོར་ལས་ དྲན་ཚོར་བཟུམ་ཅིག་དང་ བྱ་སྟབས་མ་བདེཝ་མི་ཐོན་ནིའི་དོན་ལུ་ བརྡ་བསྐུལ་གྱི་ ཡི་གུ་རེ་བཀྲམ་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༨ ལུ་ བགོ་བཀྲམ་འབད་མི་ཁྱབ་བསྒྲགས་ནང་བཀོད་མི་དེ་ གསོ་བའི་ཐོ་བཀོད་བསྒྲུབས་མི་དང་ གསོ་བའི་མཁས་རིག་གི་ ལཱ་འབད་མི་ཚུ་གིས་ ད་ལས་ཕར་ ནདཔ་ཚུ་གི་འཛིན་སྐྱོང་ལུ་ བྱ་སྟབས་མ་བདེཝ་ཚུ་ གསོ་བའི་ཚོགས་སྡེ་གིས་ ཤེས་དགོ་ཟེར་ཨིནམ་མ་ཚད་ ཚོགས་སྡེ་གིས་འབད་བ་ཅིན་ ནདཔ་འཛིན་སྐྱོང་གྱི་ ཡིག་ཆ་ལེགས་ཤོམ་སྦེ་མ་བཞག་མི་ལུ་བརྟེན་ དཀའ་ངལ་འབྱུང་དོ་ཡོདཔ་ཨིན་པས།
གསོ་བའི་ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ཌོག་ཊར་ཚུ་གིས་ ནད་གཞི་ངོས་འཛིན་འབད་དེ་ སྨན་ཐོ་བཀོད་འབད་དེ་ བཞག་ནི་མ་གཏོགས་ ནདཔ་ཚུ་གིས་ ཉོགས་བཤད་བཀོད་མི་ལུ་ ཉན་ནི་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ནདཔ་གི་གྱངས་ཁ་མང་སུ་འོང་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ ལས་ཁུངས་༧ ཡོད་མི་ཚུ་ནང་ གསོ་བའི་ཞབས་ཏོག་ཚུ་ ཡར་དྲག་ཐོག་ལས་སྤྲོད་ནི་མིན་འདུག་ཟེར་ཨིནམ་ད་ ལག་ལེན་ཚུ་ལེགས་ལྡན་ཐོག་ལས་འབད་བ་ཅིན་ ནདཔ་ཚུལ་མིན་འཛིན་སྐྱོང་དེ་ གོ་རིམ་བཞིན་དུ་མར་ཕབ་འགྱོ་ཚུགས་ཟེར་ཨིན་པས།
ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་སྡེ་འཛིན་ ཌོག་ཊར་ གྲུབ་ཐོབ་བསོད་ནམས་ཀྱིས་སླབ་མིའི་ནང་ འབྲུག་གི་གསོ་བའི་ལས་སྡེ་གི་ ཁྱབ་བསྒྲགས་དེ་ ཁོང་གིས་ཐོབ་ཡོདཔ་ལས་ ད་ལས་ཕར་ ནདཔ་ཚུ་ལུ་ གསོ་བའི་ཞབས་ཏོག་ཡར་དྲག་བཏང་དགོཔ་ཡོད་མི་ཚུ་ལུ་ ལེགས་ཤོམ་སྦེ་ཕྱག་ཞུ་ནི་ཟེར་ཨིན་པས།
ཨིན་རུང་ ཌོག་ཊར་ཅིག་གིས་ སླབ་མིའི་ནང་ འབྲུག་གི་གསོ་བའི་ལས་སྡེའི་ཁྱབ་བསྒྲགས་དང་འཁྲིལ་ ནདཔ་རེ་རེ་བཞིན་དུའི་ཡིག་ཆ་ཚུ་ ལེགས་ཤོམ་སྦེ་བཟོ་དགོ་པ་ཅིན་ ནདཔ་ཚུ་ལྟ་རྟོག་འབད་ནི་ལུ་ ལཱ་ཁག་བཏང་འོང་ཟེར་ཨིནམ་ཚད་ ནདཔ་ཚུ་ དལྟོ་ལྟ་རྟོག་འབད་དོ་བཟུམ་སྦེ་ འབད་མི་ཚུགས་ནི་ཨིནམ་ལས་ ནདཔ་ཚུ་གིས་ ཌོག་ཊར་དང་ཕྱད་ཚུགས་ནི་ལུ་ཡང་ དུས་ཚོད་མངམ་འགོར་འོང་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ནདཔ་ཚུ་གིས་འབད་རུང་ སྨན་ཡིག་དེ་ བདག་འཛིན་འབད་དེ་མ་བཞག་པར་ སྨན་ཁང་ནང་འོངམ་ད་ར་ སྨན་ཡིག་ཚར་རེ་གསརཔ་ལེན་དོ་ཡོདཔ་ལས་ ནད་གཞི་ངོས་འཛིན་འབད་ཚུགས་ནི་ལུ་ སྟབས་མ་བདེཝ་ཐོནམ་མས་ཟེར་ཨིན་པས།
ནདཔ་ཚུ་གིས་ ཉོགས་བཤད་ངོ་མ་ཅིག་ གསོ་བའི་ལས་བྱེདཔ་ཚུ་གིས་ ནད་གཞི་གི་སྐོར་ལས་ ཁོང་ལུ་ ལེགས་ཤོམ་སྦེ་ གོ་བ་བཤད་དེ་སླབ་ནི་མེད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ནདཔ་དང་གསོ་བའི་ལས་བྱེདཔ་གི་བར་ན་ གོ་བརྡ་སྤྲོད་མི་ལེགས་ཤོམ་མེད་མི་ལུ་བརྟེན་ཨིན་ཟེར་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།
ཚོགས་སྡེ་གིས་བཀོད་མི་ ཁྱབ་བསྒྲགས་ནང་ གསོ་རིག་པ་ཚུ་གིས་ ནདཔ་ཚུ་ལུ་གནོད་པ་དང་ བྱ་སྟབས་མ་བདེཝ་མི་འཐོན་ནིའི་དོན་ལུ་ རང་སོའི་སྒྲིག་གཞི་དང་འཁྲིལ་ ལཱ་འབད་དགོ་ཟེར་ཡོདཔ་ད་ ཌོག་ཊར་གོངམ་ཅིག་གིས་ སླབ་མིའི་ནང་ ཚོགས་སྡེ་གིས་ སྨན་བཅོས་ཁང་དེ་ རང་དབང་ཐོག་ལུ་རྩིས་ཞིབ་འབདཝ་ད་ལས་བརྒལ་ སྨན་ཁང་ནང་ འཛིན་སྐྱོང་ལེགས་ཤོམ་མེད་པའི་སྐོར་ལས་ ངོས་འཛིན་འབད་མི་ཚུགས་ཟེར་ཨིན་པས།
ད་ལྟོ་ ལེགས་མཐུན་གྱི་ཐོག་ལས་ འགོ་འདྲེན་འཐབ་མི་ཚོགས་པ་ཅིག་མེདཔ་ལས་ ཚོགས་སྡེ་གིས་ གསོ་བའི་ལས་བྱེདཔ་ཚུ་ལུ་ མ་བཏུབ་པའི་སྐོར་ལས་ བཀོད་ནི་དེ་གིས་ སྟབས་མ་བདེཝ་འཐོན་འོང་ཟེར་ཨིནམ་ད་ ཌོག་ཊར་ཚུ་གིས་ ནདཔ་ཚབས་ཆེན་ཚུ་ ཉེན་ལེན་ཐོག་ལས་ སྨན་བཅོས་འབད་མི་བཏུབ་ནི་ཨིནམ་ལས་ སྨན་བཅོས་ཀྱི་དོན་ལུ་ གཞན་ཁར་བཏང་དགོཔ་འཐོན་པ་ཅིན་ ཟད་འགྲོ་སྦོམ་གནས་འོང་ཟེར་ཨིན་པས།
ད་ལས་ཕར་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་དེ་ ཉེན་མེད་ཐོག་ལུ་སྤྲོད་ཐབས་དང་ ཞབས་ཏོག་ཡར་དྲག་བཏང་ཐབས་ལུ་ གཞི་བཙུགས་འབད་མི་ཚོགས་སྡེ་གིས་ བསྐྱར་ཞིབ་ཚུ་འབད་ནི་ཨིན་པས།
ད་རེས་ནངས་པ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་གི་ གསོ་བའི་ཞབས་ཏོག་ལེགས་བཅོས་ལུ་བལྟ་བ་ཅིན་ ཞབས་ཏོག་ལེགས་ཤོམ་སྤྲོད་ནི་དེ་ མནོ་ར་མ་ཚུགས་པའི་གཞི་གནད་ཅིག་ཨིནམ་ལས་ ང་བཅས་ཚུ་ལུ་ ནདཔ་འཛིན་སྐྱོང་ལེགས་ཤོམ་མེད་པའི་ ཉེས་འཛུགས་བཀལ་མི་དེ་ ཆ་བཞག་པ་ཅིན་ ཌོག་ཊར་ག་ར་ ཁྲིམས་འདུན་ལུ་ ཐུག་དགོཔ་འོང་ཟེར་ཨིན་པས།
ཌོག་ཊར་ཅིག་གིས་སླབ་མིའི་ནང་ ཚོགས་སྡེའི་བཅའ་ཁྲིམས་དང་འཁྲིལ་ ཕྱི་རྒྱལ་ལས་ལེན་མིའི་ཌོག་ཊར་ཚུ་གིས་ ལྕོགས་གྲུབ་ལྟ་རྟོག་འབད་ནི་ཨིན་ཟེར་ཨིན་རུང་ ད་རེས་ནངས་པ་ གཞུང་གིས་ སྤུས་ཚད་ལུ་མ་བལྟ་བར་ གྱངས་ཁ་ལུ་བལྟ་དོ་ཡོདཔ་ལས་ སྤུས་ཚད་ཅན་གྱི་ གསོ་བའི་ཞབས་ཏོག་དེ་ སྤྲོད་མ་ཚུགས་པར་ཡོད་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment