གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ཁྲོམ་རྒྱ་བསྐྱེད་ཀྱིས་ འབྱ་འཛུགས་སྐྱོང་འབད་མི་ཚུ་ སེམས་མ་དགའ་བར་ཡོདཔ།

༣/༡/༢༠༡༢   ༉ ལོ་ངོ་ལྔ་དེ་ཅིག་གི་ཧེ་མར་ སོ་ནམ་ལྷན་ཁག་གིས་ བུམ་ཐང་ལུང་གཤོང་ནང་ འབྱ་འཛུགས་སྐྱོང་གི་མོ་བཏབ་བཟུམ་སྦེ་ འགོ་བཙུགས་པའི་ཤུལ་ལས་ རྫོང་ཁག་ནང་ མོ་བཏབ་དེ་ མཐར་འཁྱོལ་ཅན་ལུ་ གྱུར་ཡོདཔ་ཨིན་རུང་ ལྕམ་མཁར་ཁྲོམ་རྒྱ་བསྐྱེད་ཀྱི་ ས་ཁོངས་ནང་ཚུད་མི་ཚུ་ རེད་ཀྱི་ཐོན་སྐྱེད་ཚུ་ ལོ་ངོ་དག་པ་ཅིག་ལས་བརྒལ་ བཟའ་སྤྱོད་འབད་མི་ཚུགས་ནི་བཟུམ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ འབྱ་ཕུར་བའི་བསྒང་།


དེ་ཡང་ ཁྲོམ་གསརཔ་གི་དོན་ལུ་ རྒྱལ་མཁར་དང་ སྒར་སྤང་ཡར་བཅད་དང་ སྐུ་རྗེས་ལྷ་ཁང་མར་བཅད་ ཁྲོམ་གསརཔ་གི་ཁོངས་སུ་ཚུད་པའི་བསྒང་ལས་ དེ་ནང་ འབྱ་ཞིང་ ལེ་ཤ་ཅིག་ཚུད་མི་ལུ་བརྟེན་ སའི་ཇོ་བདག་ལ་ལུ་ཅིག་ སེམས་མ་དགའ་བར་ ཡོདཔ་ཨིན་པས།
ལྕམ་མཁར་ཁྲོམ་ལས་ ཀུན་དགའ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཨ་རིང་ནང་ལཱ་འབདཝ་ད་ འབྱ་གི་ཐོན་སྐྱེད་ཚུ་ ལེགས་ཤོམ་ཐོན་ཡོདཔ་ཨིན་རུང་ ས་ཆ་དེ་ ཁྲོམ་རྒྱ་བསྐྱེད་ནང་ཚུད་ནི་དེ་གིས་ ད་རུང་ ལོ་ངོ་དག་པ་ཅིག་ལས་བརྒལ་ ང་བཅས་ཀྱིས་ བཟའ་སྤྱོད་འབད་མི་ཚུགས་ནི་ཨིནམ་ལས་ ཚ་གྱང་ཡོད་ཟེར་ཨིན་པས།
ཁོ་གིས་ འབྱ་ཞིང་གི་ལཱ་དེ་ ཟླཝ་༡༢ པ་དང་༡ པའི་ནང་ འབད་དགོ་པའི་ཁར་ དེ་ཡང་ འབྱ་ཚུ་ བ་མོ་གིས་ བཤུར་ནིའི་དཀའ་ངལ་མ་གཏོགས་ གཞན་ཐོན་སྐྱེད་ལུ་ དཀའ་ངལ་སྦོམ་མིན་འདུག་ཟེར་ཨིན་པས།
ཀུན་དགའ་གིས་འབད་བ་ཅིན་ ཁོ་རའི་བཟའ་ཚང་གི་མིང་ཐོག་ཁར་ཡོད་པའི་ དབང་འདུས་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་  འོག་ལུ་ཡོད་མི་དང་ ས་སྣུམ་བཀྲམ་སྤེལ་ཁང་གི་འོག་ལུ་ཡོད་མི་གཉིས་ནང་ ཨ་རིང་ ཨེ་ཀར་ལས་བཅད་དེ་ ལཱ་འབད་མི་ཚུ་ག་ར་ ཁྲོམ་ས་ནང་ཚུད་སོཔ་ལས་ ཨ་རིང་བཅད་པའི་སྐབས་ ཟད་འགྲོ་བཏང་མི་ཚུ་ འཕྲོ་བརླག་འགྱོ་ནི་མས་ཟེར་ཨིན་པས།
ཁོ་རའི་བཟའ་ཚང་གིས་ འབྱ་གི་ཐོན་སྐྱེད་ལེགས་ཤོམ་ཐོན་དོ་ཡོདཔ་ལས་ དབང་འདུས་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་འོག་ལུ་ གཞན་གྱི་ས་ཆ་ཡང་ གླ་ཁར་ལེན་ཏེ་ ཨེ་ཀར་ཅིག་དེ་ཅིག་ ཨ་རིང་བཅད་ཞིནམ་ལས་ལཱ་འབད་དེ་ ལོ་ངོ་ཅིག་ལས་མ་སོངམ་ལས་ ད་རུང་ ལོ་ངོ་གསུམ་དེ་ཅིག་ བཟའ་སྤྱོད་འབད་ནི་གི་ གོ་སྐབས་ཐོབ་མ་ཚུགས་པ་ཅིན་ ཁོང་ལུ་ གྱོང་རྒུད་འོང་ནི་མས་ཟེར་ཨིན་པས།
ཀུན་དགའ་གི་ས་ཆ་དང་གཅིག་ཁར་ཡོད་མི་ གཞན་མིའི་ས་ཆ་ཚུ་ག་ར་ ཧེ་མ་ལས་ ཁྲོམ་གྱི་སྔོ་ལྗང་ས་ཁོངས་སྦེ་ ངོས་འཛིན་འབད་ཡོད་རུང་ ད་ལྟོ་ གཞུང་གིས་ ག་ནི་ཡང་ མ་སླབ་པར་ཡོད་ཟེར་ཨིན་པས།
བཀྲ་ཤིས་སྒྲོལ་མ་གིས་ཡང་ ལྕམ་མཁར་ཐང་གི་ཉེ་འདབས་ལུ་ཡོད་མི་ ས་ཆ་ཨེ་ཀར་ཅིག་ལྷགཔ་ཅིག་ག་ར་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཆུ་ཞིང་བཟོ་སྟེ་ ལོ་ངོ་གསུམ་ལྷགཔ་ཅིག་སོང་ཡོད་མི་དེ་ ད་ལྟོ་ བཟའ་སྤྱོད་འབད་དོ་ཡོདཔ་ཨིན་རུང་ གཞུང་ལས་ལོ་རྒྱུས་ག་ནི་ཡང་མ་སླབ་རུང་ ཁྲོམ་གྱི་ནང་འཁོད་ཚུད་ནི་དེ་གིས་ ཚ་གྱང་ཡོད་ཟེར་ཨིན་པས།
མོ་གིས་ འབྱ་འཛུགས་སྐྱོང་གི་ལཱ་འབད་མི་དེ་གིས་ མོ་རའི་བཟའ་ཚང་ནང་ ཆུམ་ཉོ་མ་དགོ་པར་ ལངམ་སྦེ་སྡོད་ཅི་ཟེར་ཨིནམ་ད་ ཨ་རིང་ཚུ་ག་ར་ སྐམ་ཞིང་ལས་ ཆུ་ཞིང་ལུ་ བསྒྱུར་བཅོས་འབད་དེ་ཡོད་ཟེར་ཨིན་པས།
འབྱཱ་འཛུགས་སྐྱོང་གི་སྐོར་ལས་ རྫོང་ཁག་སོ་ནམ་ལས་ཁུངས་ནང་ དུས་མཐུན་གྱི་གནད་སྡུད་ ག་ནི་ཡང་མེདཔ་ཨིན་རུང་ ས་ཁྲམ་ལས་ཁུངས་ལས་ ལས་བྱེདཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ འབྱ་གི་ལཱ་འབད་མི་ཚུ་གིས་ མོ་བཏབ་ཀྱི་ཤུལ་ལས་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ཨིན་རུང་ ད་ཚུན་ མི་ཅིག་ལུ་ཡང་ སྐམ་ཞིང་ཚུ་ཆུ་ཞིང་ལུ་ བསྒྱུར་བཅོས་འབད་འབདཝ་མེད་ཟེར་ཨིནམ་ད་ གལ་སྲིད་ ཆུ་ཞིང་ལུ་བསྒྱུར་ནིའི་དང་འདོད་ཡོད་པ་ཅིན་ འབད་ཆོག་ཆོག་ཡོད་ཟེར་ཨིན་པས།
སོ་ནམ་པ་མང་ཤོས་ཀྱིས་ འབྱ་གི་ཐོན་སྐྱེད་དེ་ ལོ་བསྟར་བཞིན་དུ་ ལེགས་ཤོམ་ཐོན་པའི་ཁར་ མ་འོངས་པ་ལུ་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཨ་རིང་མངམ་བཟོ་ནི་གི་ འཆར་གཞི་ཚུ་ཡོད་ཟེར་ཨིན་པས།
མི་ཚུ་གིས་ ཞིང་ནང་ལས་འབྱ་བསྡུ་ཚར་བའི་ཤུལ་ལུ་ སོག་མ་ཚུ་ཡང་ ནོར་གསོ་སྐྱོང་འབད་མི་ཚུ་ལུ་ བཙོང་དོ་ཡོདཔ་ད་ རྒེད་འོག་ཚུ་ནང་སྡོད་མི་ཚུ་གིས་ཡང་ སྐམ་ཞིང་ཚུ་ཨ་རིང་བཅད་ནི་ལུ་ བརྩོད་ཤུགས་བསྐྱེད་དོ་ཡོདཔ་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment