གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་ལུ་ འབྲུག་པའི་ནགས་ཚལ་འགོ་དཔོན་ཅིག་ དམར་བསད་འབད་མི་ ཕོ་སྐྱེས་༤ འཛིན་བཟུང་།

༡༣/༡༡/༢༠༡༢   ༉ སྤྱི་ཟླ་༡༠ པའི་ཚེས་༢༥ ལུ་ རྒྱ་གར་ ནུབ་བེང་གཱོལ་གྱི་ས་གནས་ ཏོ་ཏ་པཱ་ར་ལུ་ སྐྱེས་༣༣ ལང་མི་ འབྲུག་པའི་ ནགས་ཚལ་འགོ་དཔོན་༡ དམར་བསད་འབད་བའི་ འབྲེལ་གནད་ལུ་བརྟེན་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཕོ་སྐྱེས་༤ འཛིན་བཟུང་ འབད་ཡོདཔ་ཨིན་པས།


ནགས་ཚལ་འགོ་དཔོན་ དམར་བསད་འབད་དེ་ བདུན་ཕྲག་༡ དེ་ཅིག་ ལང་པའི་ཤུལ་ལས་ སྤྱི་ཟླ་༡༠ པའི་ཚེས་༢༥ ལུ་ ཕོ་སྐྱེས་༤ ཇའི་སྒང་གི་ ས་གནས་ཁག་ཚུ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཇའི་སྒང་གི་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཕོ་སྐྱེས་༤ གི་གྲས་ལས་ སྐྱེས་ལོ་༢༥ དང་༢༨ ལང་མི་༢ ཆུ་ཁ་རྫོང་ཁག་ བོང་མགོ་ལས་ཨིནམ་ད་ གཞན་མི་༢ རྒྱ་གར་གྱི་ས་གནས་ ཇའི་སྒང་དང་ བིར་པ་ར་ལས་ཨིན་མས་ཟེར་ བཤད་ཅི།
ཕོ་སྐྱེས་༤ གིས་ ནགས་ཚལ་འགོ་དཔོན་དེ་ དམར་བསད་འབད་བའི་ རྫུན་ཁ་བཟེད་ཡི་ཟེར་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་ཡོདཔ་ད་ ཁ་ཙ་ དོགས་ཟོན་ཅན་ཚུ་ རྒྱ་གར་ཨ་ལི་པུར་ཁྲིམས་འདུན་ལུ་ བསྐྱལ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ བཤད་མིའི་ནང་ ཉེས་དོགས་པ་༤ གིས་ ནགས་ཚལ་འགོ་དཔོན་དེ་གི་ སེན་ཊོ་ཀཱར་དེ་ རྒྱ་གར་དང་ ནེ་པཱལ་གྱི་ ས་མཚམས་ལུ་བཙོང་ནིའི་ འཆར་གཞི་བཟོ་ཡོདཔ་སྦེ་ ཁོང་གི་ སྔོན་གྲོའི་དབྱེ་ཞིབ་འབདཝ་ད་ ཤེས་ཅི་ཟེར་ཨིན་པས།
འབྲུག་མི་ཉེས་དོགས་པ་༢ ཀྱིས་ སྤྱི་ཟླ་༡༠ པའི་ཚེས་༢༥ ལུ་ ཁོང་ར་༢ ལཱ་འབད་ས་ སྒོམ་ཀྲུ་གི་ས་གནས་ དཔག་ལི་ལུ་ འགྱོ་ནི་ཟེར་སླབ་སྟེ་ ཕུན་ཚོགས་གླིང་གི་ ཁྲོམ་འོག་མ་ལས་ གླ་འཁོར་ཅིག་ བདའ་སོང་ཡོདཔ་ཨིན་པས།
དེ་ལས་ རྒྱ་གར་གྱི་ས་གནས་ མང་ལ་བཱ་རི་ལུ་ལྷོདཔ་ད་ རྒྱ་གར་གྱི་མི་ཁུངས་ ཕོ་སྐྱེས་༢ ཀྱིས་ཡང་ གླ་འཁོར་དེ་ནང་ འཛུལ་སོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ དམར་བསད་འབད་ནིའི་དོན་ལུ་ ཧེ་མ་ལས་ འཆར་གཞི་ལེགས་ཤོམ་སྦེ་ བརྩམས་ནུག་ཟེར་ཨིནམ་ད་ ནགས་ཚལ་འགོ་དཔོན་དེ་གི་ ལྟག་ལྐོག་གུ་ གྱི་གསོབ་སྟེ་ བསད་ཞིནམ་ལས་ ཕུངམ་དེ་ སྣུམ་འཁོར་ནང་ལས་ བཏོན་བཀོག་སྟེ་ སི་ལི་གུ་རི་ལུ་ བདའ་སོང་ནུག་ཟེར་ཨིན་པས།
ཇའི་སྒང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ལཱ་ངན་དེ་ནང་ འབྲེལ་གཏོགས་འབད་མི་ འབྲུག་མི་ཕོ་སྐྱེས་༢ ཀྱིས་ ནགས་ཚལ་འགོ་དཔོན་དེ་ ལེགས་ཤོམ་སྦེ་ ངོ་ཤེས་པས་ཟེར་ཨིནམ་ད་ དམར་བསད་འབད་མི་དེ་ སྣུམ་འཁོར་བཙན་འཕྲོག་འབད་ནི་ རྐྱངམ་གཅིག་ཨིན་ན་དང་ ཡང་ཅིན་ གནད་དོན་གཞན་ཡང་ ཡོད་མེད་ཀྱི་སྐོར་ལས་ དབྱེ་ཞིབ་འབད་དོ་ཟེར་ཨིན་པས།
སྣུམ་འཁོར་དེ་ ད་རེས་ སི་ལི་གུ་རི་ལུ་ཡོདཔ་ལས་ ཉིནམ་དག་པ་ཅིག་གི་ ནང་འཁོད་ལུ ཇའི་སྒང་གི་ ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ བདའ་འོང་ནི་ཨིན་ཟེར་ ཁྲིམས་སྲུང་འགག་པ་གིས་སླབ་ཅི།
ཕུན་ཚོགས་གླིང་དྲུང་ཁག་གི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ གནད་དོན་དེ་ལུ་ ངོས་ལེན་མགྱོགས་དྲགས་འབད་མི་ལུ་ ངལ་རངས་ཡོདཔ་མ་ཚད་ ཉམས་རྒུདཔ་ལུ་ དྲང་བདེན་བྱིན་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
མ་གཞི་ སྐྱེས་ས་མོང་སྒར་ལས་འབད་རུང་ ཤུལ་ལས་ གསར་སྤང་ ཆུ་གཟེར་སྒང་ལུ་ གཞི་གསར་ནང་སྡོད་མི་ ཚེ་འདས་དེ་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༥ དེ་ཅིག་གི་ ས་ཁར་ཡོད་པའི་ རིན་ཆེན་སྡིངས་ཀྱི་ ནགས་ཚལ་འགོ་དཔོན་ཅིག་ཨིནམ་ད་ ཁོ་ལུ་ གནས་ཚང་དང་ ཨ་ལུ་༡ ཡོདཔ་ཨིན་པས།
དེ་ཚེ་ཕྱི་རུ་ ཆུ་ཚོད་༤ དེ་ཅིག་ཁར་ ནགས་ཚལ་འགོ་དཔོན་དེ་གི་ཕུངམ་ ཕུན་ཚོགས་གླིང་ལས་ བསམ་རྩེ་ཁ་ཐུག་ ཀི་ལོ་མི་ཊར་༢༥ དེ་ཅིག་ཁར་ཡོད་པའི་ ཏུར་ས་ཟམ་གྱི་ ཉེ་འདབས་ལུ་ཡོད་པའི་སྙན་ཞུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་ལུ་ ལྷོད་ཡོདཔ་ཨིན་པས།
རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ ས་གནས་དེ་ནང་ འགྱོ་ལྟ་བའི་སྐབས་ ཁོ་ར་གིས་གྱོན་མི་ གོ་གནགཔོ་དེ་ནང་ དངུལ་ཀྲམ་༣༠༠ ཡོད་པའི་ དངུལ་ཁུག་༡ ཐོབ་ཡོདཔ་ད་ སྣུམ་འཁོར་དེ་ ག་ཏེ་ཡང་མེདཔ་སྦེ་ མཐོང་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment