གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོག་མ་པ་ནེ་བཟའ་ནི་གི་ ལམ་སྲོལ་དེ་ ཉམས་མེད་གནས་པའི་མངོན་གསལ།

༡༣/༡༡/༢༠༡༢   དོག་མ་བཟའ་མི་ཚུ་གིས་ གྱང་དང་ གསང་སྤྱོད་ཚུ་ནང་ དམར་འཚེར་ཚེ་སྦེ་ ཚིལ་མ་བཀོག་མི་ལུ་བརྟེན་ གཙང་སྦྲ་འཕྲོད་བསྟེན་དང་འབྲེལ་བའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
༉ སྤྱི་ལོ་༢༠༡༠ གྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ དོག་མ་པ་ནེ་གི་ ལག་ལེན་དེ་ འབྲུག་གི་ལམ་སྲོལ་ནང་ དུས་རྒྱུན་གྱི་འབྲེལ་བ་ཅན་ཅིག་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་རུང་ འགྲོས་ཀྱིས་སྦེ་ དོག་མ་ལག་ལེན་འཐབ་མིའི་ གནས་སྟངས་དེ་ མར་འབབ་འགྱོ་དོ་ཡོད་པའི་ མངོན་གསལ་ཡང་ བྱུང་ཡོདཔ་ཨིན་པས།
དྲག་ཞན་ཆེ་ཆུང་མེདཔ་ ཆ་མཉམ་གྱིས་ བཟའ་དོ་ཡོད་མི་ དོག་མ།


དེ་ཡང་ ཞིབ་འཚོལ་སྐབས་ མི་ཚེ་ནང་ དོག་མ་པ་ནེ་བཟའ་མི་ འབྲུག་མི་བརྒྱ་ཆ་༧༢ ཡོད་པའི་ནང་ལས་ མ་བཟའ་མི་ བརྒྱ་ཆ་༢༨ ཡོདཔ་ཨིན་པས།
ཕོ་མོའི་དབྱེ་བ་ཕྱེསཝ་ད་ ཕོ་སྐྱེས་བརྒྱ་ཆ་༧༢.༥ གིས་ དོག་མ་བཟའ་དོ་ཡོདཔ་ད་ མ་བཟའ་མི་བརྒྱ་ཆ་༢༧.༥ ཨིནམ་ད་ དེ་བཟུམ་སྦེ་ ཨམ་སྲུ་དོག་མ་བཟའ་མི་ བརྒྱ་ཆ་༧༡.༦ དང་ མ་བཟའ་མི་བརྒྱ་ཆ་༢༨.༤ ཨིན་པས།
དེ་མ་ཚད་ གྲོང་གསེབ་དང་ ཁྲོམ་ཁར་སྡོད་མི་ཚུ་གི་བར་ན་ཡང་ དོག་མ་བཟའ་མི་གི་ གྱངས་ཁའི་བར་ན་ ཁྱད་པར་མེདཔ་མ་ཚད་ ལོ་ཚད་ཀྱི་དབྱེ་བ་ལས་དཔྱད་རུང་ དོག་མ་བཟའ་མིའི་གྱངས་ཁ་ལུ་ ཁྱད་པར་ལེ་ཤ་མེད་པའི་ གསལ་སྟོན་བྱུང་ནུག།
དེ་ཡང་ གྲོང་གཡུས་ཀྱི་མི་བརྒྱ་ཆ་༧༢.༥ དོག་མ་མ་བཟའ་མི་ཨིནམ་ད་ ཁྲོམ་ཁར་སྡོད་མི་ བརྒྱ་ཆ་༧༠.༨ དེ་ཅིག་གིས་ དོག་མ་བཟའ་ཡོདཔ་སྦེ་ སླབ་པའི་ཁར་ ལོ་ཚད་ཀྱི་དབྱེ་བ་ལས་འབད་བ་ཅིན་ སྐྱེས་ལོ་༢༠ མན་འབད་མི་ཚུ་ལས་ བརྒྱ་ཆ་༥༤.༢ ཀྱིས་ དོག་མ་བཟའ་ཡོདཔ་སྦེ་བཀོད་ནུག།
སྐྱེས་ལོ་༢༡ དང་༢༥ གི་བར་ན་འབད་མི་ཚུ་གི་གྲས་ལས་ བརྒྱ་ཆ་༦༩.༡ དང་ སྐྱེས་ལོ་༢༦ དང་༣༠ གི་བར་ན་འབད་མི་ཚུ་གི་གྲས་ལས་ བརྒྱ་ཆ་༧༦.༩ དེ་བཟུམ་སྦེ་ སྐྱེས་ལོ་༣༡ དང་༣༥ གི་ བར་ན་འབད་མི་ཚུ་གི་གྲས་ལས་ བརྒྱ་ཆ་༧༢.༣ གྱིས་ དོག་མ་ལག་ལེན་འཐབ་ཡོདཔ་སྦེ་ བཀོད་ཡོདཔ་ད་ སྐྱེས་ལོ་༤༠ དང་ ༦༥ གི་བར་ན་འབད་མི་ཚུ་གི་གྲས་ལས་ དོག་མ་བཟའ་མི་ཟེར་མི་དེ་ བརྒྱ་ཆ་༧༠ གི་ ནང་འཁོད་ལུ་ཨིན་པས།
དེ་ལས་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་གི་གྲས་ལས་ བརྒྱ་ཆ་༦༣ གྱིས་ དོག་མ་བཟའ་མི་ལུ་བལྟ་བ་ཅིན་ འབྲུག་མི་ན་གཞོན་ལས་འགོ་བཙུགས་ཏེ་ དོག་མ་མ་བཟའ་མི་ ཉུང་སུ་ཅིག་ལས་མེད་པའི་ གསལ་སྟོན་འབདཝ་ཨིན་པས།
གཞན་ཡང་ ལཱ་གཡོག་གི་ གནས་སྟངས་ཐོག་ལས་དཔྱད་རུང་ ཞིབ་འཚོལ་སྙན་ཞུ་དེ་དང་འཁྲིལཝ་ད་ ཉུང་ཤོས་སློབ་ཕྲུག་ཚུ་གི་གྲས་ལས་བརྒྱ་ཆ་༥༨ ཀྱིས་ དོག་མ་བཟའ་ཡི་ཟེར་ སླབ་ཡོད་པའི་ཁར་ དེ་ལས་ དེ་སྐབས་ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ དོག་མ་བཟའ་མི་ཡོད་ཟེར་བཀོད་མི་ བརྒྱ་ཆ་༦༦ ཐོན་ཡོདཔ་ད་ དེ་མིན་ གཞན་ཚུ་ག་ར་ དོག་མ་བཟའ་ཡི་ཟེར་བཀོད་མི་ བརྒྱ་ཆ་༧༠ ལས་ཡར་ཐོན་ཡོདཔ་ལས་ ག་ཅིའི་ཐད་ལས་དཔྱད་རུང་ དོག་མ་པ་ནེ་བཟའ་ནི་དེ་ འབྲུག་མི་ལུ་ ཤ་དང་སྲིན་མོ་བཟུམ་སྦེ་ ཨིན་པའི་ མངོན་གསལ་བྱུངམ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༠ ལུ་ དོག་མ་བཟའ་མི་ འབྲུག་མི་བརྒྱ་ཆ་༦༠ ལས་ མེད་མི་ལུ་ལྟ་བ་ཅིན་ དོག་མ་བཟའ་མིའི་ གྱངས་ཁ་དེ་ མར་བབས་སོང་ཡོད་པའི་ གསལ་སྟོན་འབད་མི་དེ་ཡང་ མི་ཚེའི་ནང་ དོག་མ་བཟའ་ཡི་ཟེར་མི་དེ་ འདས་པའི་ལོ་རྒྱུས་ཨིན་པས།
དོག་མ་བཟའ་མི་ བརྒྱ་ཆ་༧༢ ཐོན་ས་ལས་ བཟའ་ནི་ཡོད་ཟེར་ དེ་སྐབས་བཟའ་དོ་ཡོད་མི་ བརྒྱ་ཆ་༦༠ ལུ་ མར་ཕབ་ཡོད་མི་དེ་ ཧེ་མ་ དོག་མ་བཟའ་རུང་ ཤུལ་ལས་ བཤོལ་བཞག་མི་ བརྒྱ་ཆ་༡༢ དེ་ཅིག་ ཐོན་ཡོད་པའི་གསལ་སྟོན་འབདཝ་ཨིན་པས།
གྲོང་གསེབ་དང་ ཁྲོམ་གྱི་གནས་སྟངས་གཉིས་ཀྱི་ མི་ཚེའི་ནང་ དོག་མ་བཟའ་མི་བརྒྱ་ཆ་༧༢.༥ ཡོད་ས་ལས་ སྤྱི་ལོ་༢༠༡༠ ལུ་ དོག་མ་བཟའ་དོ་ཡོད་མི་དེ་ བརྒྱ་ཆ་༥༧.༧ ལས་མེདཔ་ད་ གྲོང་གསེབ་ཀྱི་མི་ བརྒྱ་ཆ་༡༢ དེ་ཅིག་གིས་ ཧེ་མ་ དོག་མ་བཟའ་ཡོད་མི་དེ་ བཞག་ཡོད་པའི་གསལ་སྟོན་བྱུང་ཡོད་མི་དང་ཕྱདཔ་ད་ ཁྲོམ་ཁར་སྡོད་མི་ བརྒྱ་ཆ་༡༣ དེ་ཅིག་གིས་ ཧེ་མ་ དོག་མ་བཟའ་དོ་ཡོད་མི་དེ་ བཤོལ་བཞག་འབད་ཡོད་པའི་ གསལ་སྟོན་འབད་ནུག།
དེ་བཟུམ་སྦེ་ ལོ་ཚད་ཀྱི་ཐད་ལས་འབད་རུང་ ཧེ་མ་ དོག་མ་བཟའ་རུང་ ཞིབ་འཚོལ་སྐབས་ དོག་མ་བཟའ་ནི་བཤོལ་བཞག་འབད་མི་ཚུ་ཡང་ ཐོན་དོ་ཡོདཔ་ལས་ དོག་མ་ལག་ལེན་འཐབ་མི་ མར་ཕབ་ཀྱི་གནས་སྟངས་མངོན་གསལ་བྱུང་རུང་ འབྲུག་མི་མང་ཤོས་ཅིག་གིས་ དོག་མ་བཟའ་དོ་ཡོད་མི་དེ་ གཙོ་བོ་ར་ དོག་མ་བཟའ་ནི་དེ་ མི་སྡེའི་ལམ་སྲོལ་ཅིག་ཨིན་པའི་གནད་ལུ་བརྟེན་ ཨིན་མས་ཟེར་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ ཞིབ་འཚོལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།


 
བསམ་གཏན་ཡེ་ཤེས།

No comments:

Post a Comment