གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལས་འགུལ་ལུ་བརྟེན་ ཉེ་འདབས་ཀྱི་མི་སེར་ཚུ་ལུ་ ཉམས་རྒུད་བྱུང་དོ་ཡོདཔ།

༩/༡༡/༢༠༡༢    ༉ ད་ལྟོ་ཚུན་ཚོད་ བཟོ་སྐྲུན་འབད་ཡོད་པའི་ གློག་མེ་ལས་འགུལ་ཚུ་དང་ ད་ལས་ཕར་ འགོ་འདྲེན་འཐབ་ནི་ཨིན་མི་ གློག་མེ་ལས་འགུལ་ གཞན་ཚུ་དང་ཕྱདཔ་ད་ ཉེ་འདབས་ཀྱི་མི་ཚུ་ལུ་ གནོད་པ་དང་ མི་ཚུ་ སྤོ་བཤུད་འབད་དགོ་པའི་ གནད་དོན་མཐོ་ཤོས་དེ་ ཨ་མོ་ཆུ་གློག་མེ་ལས་འགུལ་གྱི་ ས་ཁོངས་ནང་ཨིན་ཟེར་ ཁ་ཙ་ ཐིམ་ཕུ་ལུ་སྦེ་འཚོགས་མི་ གཞུང་དང་བརྡ་བརྒྱུད་པའི་ ཞལ་འཛོམས་ཀྱི་སྐབས་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་བཤད་ཅི།


གློག་མེ་ལས་འགུལ་དེ་གིས་ བསྡོམས་ཀྱིས་ ཉེ་འདབས་ཀྱི་མི་གྲངས་༡,༧༢༦ དེ་ཅིག་ལུ་ གནོད་པ་བྱུང་ཉེན་ཡོད་མིའི་གྲས་ལས་༢༧༦ དེ་ཅིག་ གནོད་པ་སྦོམ་སྦེ་ར་འབྱུང་ནི་ཨིན་པས།
འདས་པའི་བདུན་ཕྲག་ནང་ གློག་མེ་འཕྲུལ་ཁང་ གཞི་བཙུགས་འབད་ནི་ཨིན་མི་དེ་གིས་ གནོད་སྐྱོན་འབྱུང་ནི་ཨིན་མི་ཚུ་ལུ་ རྒུད་འཐུས་ཚུ་ ག་དེ་སྦེ་ར་ སྤྲོད་ནི་ཨིན་ནའི་སྐོར་ལས་ གྲོས་བསྡུར་ཞལ་འཛོམས་ཅིག་ འཚོགས་མི་དང་འཁྲིལ་ དཔེ་འབད་བ་ཅིན་ ས་ཚབ་ཚུ་ཡང་ རྒྱལ་ཡོངས་ས་ཆའི་བཅའ་ཁྲིམས་དང་འཁྲིལ་ བྱིན་ནི་དང་ དངུལ་ཐོག་ཤིང་གི་རིགས་ཚུ་ལུ་ དངུལ་རྐྱང་གི་ རྒུད་འཐུས་ཚུ་ སྤྲོད་ནི་ཨིན་ཟེར་ བསྟན་རྒྱས་བློན་པོ་གིས་ བཤད་ཅི།
བློན་པོ་གིས་འབད་བ་ཅིན་ མ་གཞི་ ལས་འགུལ་ནང་ཚུད་མི་ ས་ཆ་ཚུ་ལུ་ སྤྱིར་བཏང་གི་རྒུད་འཐུས་ཚུ་ སྤྲོད་ནི་ཨིན་རུང་ གློག་མེ་ལས་ཁུངས་ཀྱི་ཁ་ཐུག་ལས་ ས་ཆ་ཨེ་ཀར་རེ་ལུ་ གློག་མེ་ཡུ་ནིཊི་༡༠,༠༠༠ རེ་ རིན་མེད་སྟོང་པར་ སྤྲོད་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
བློན་པོ་མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ ས་དང་ཁྱིམ་རྩིས་པའི་ གནོད་སྐྱོན་སྦོམ་སྦེ་ར་འབྱུང་སྟེ་ སྤོ་བཤུད་འབད་དགོ་པའི་མི་སེར་ཚུ་ལུ་ གཞུང་གིས་ གཞིས་ལེགས་ཤོམ་སྦེ་ བཅག་ཚུགས་ནི་ལུ་ ལྷན་ཐབས་ཀྱི་དོན་ལུ་ བཟའ་ཚང་༡ ནང་ལས་ མི་རེ་ལུ་ ལས་འགུལ་ནང་ ལཱ་གཡོག་ཚུ་བྱིན་ནི་ཨིན་མི་ཚུ་ སྤྱིར་བཏང་གི་ རྒུད་འཐུས་ཨིནམ་ལས་ གཞན་ཡང་ མི་སྡེ་དང་ དཔལ་འབྱོར་གྱི་གནད་དོན་ཚུ་ལུ་ གནོད་སྐྱོན་ བྱུང་ཡོད་མི་ཚུ་གི་སྐོར་ལས་ཡང་ ལྟ་འོང་ཟེར་ཨིན་པས།
བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འབད་བ་ཅིན་ དེ་བཟུམ་མའི་ རྒྱལ་ཁབ་ཀྱི་དོན་ལུ་ འགོ་འདྲེན་འཐབ་མི་ལས་སྣ་ དཔེ་འབད་བ་ཅིན་ སློབ་གྲྭ་གསརཔ་རྐྱབ་ནི་ ལ་སོགས་པ་ཚུ་ལུ་བརྟེན་ གནོད་སྐྱོན་བྱུང་མི་ཚུ་ལུ་ ཚད་ལྡན་གྱི་རྒུད་འཐུས་ཚུ་ ངེས་བདེན་འཐོབ་ཚུགསཔ་བཟོ་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
ཨིན་རུང་ རེ་ཚེ་སྐབས་ རྒུད་འཐུས་ཚུ་ ལེགས་ཤོམ་སྦེ་སྤྲོད་རུང་ ཧེ་མ་ལས་སྡོད་པའི་ས་ཆ་ནང་ལས་ སྤོ་སྟེ་འགྱོ་དགོ་མ་མནོ་མི་ ལེ་ཤ་ཐོནམ་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ གློག་མེ་འཕྲུལ་ཁང་དེ་གིས་ གློག་ཤུགས་མེ་ག་ཝཱཊི་༦༢༠ ཐོན་སྐྱེད་འབད་ནིའི་ འཆར་གཞི་བརྩམས་ཡོདཔ་ཨིན་རུང་ ཤུལ་ལས་ ལོག་སྟེ་ དབྱེ་ཞིབ་ཚུ་འབད་བའི་སྐབས་ལུ་ གློག་ཤུགས་མེ་ག་ཝཱཊི་༥༤༠ ལུ་ མར་འབབ་སོང་ཡོདཔ་ཨིན་པས།
ལས་འགུལ་གྱིས་ གནོད་ཉེན་ཡོད་མི་ཚུ་ཡང་ ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་དང་ ལོག་ཅིག་ནང་རྒེད་འོག་ དེ་ལས་ བསམ་རྩེ་ གདན་ཅུ་ཁ་དང་ རྡོ་རོ་ཁ་ དེ་ལས་ རྟ་གདིང་རྒེད་འོག་ཚུ་ནང་ཨིན་པས།
གློག་མེ་འཕྲུལ་ཁང་གི་ ཆུ་མཛོད་ཌཱེམ་དེ་ཡང་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༨ དེ་ཅིག་འབད་བའི་ བསམ་རྩེ་དང་ ཆུ་ཁ་རྫོང་ཁག་༢ ཀྱི་བར་ན་ བཟོ་སྐྲུན་འབད་ནི་ཨིན་པས།
ལས་འགུལ་གྱི་དོན་ལུ་ དུས་ཅིའི་ལོ་རྫོགས་ཁམས་ཅིག་ཁར་ རྒྱ་འབྲུག་༢ ཀྱི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཐོག་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༣ དེ་ཅིག་ གནས་ནི་ཨིན་མི་ ལས་འགུལ་གྱི་ སྔོན་གྲོའི་བཟོ་སྐྲུན་ལཱ་ཚུ་ སྤྱི་ལོ་༢༠༡༣ ལས་ འགོ་བཙུགས་ཏེ་ ཟླ་ངོ་༦༦ གི་ནང་འཁོད་ནང་ མཇུག་བསྡུ་ཚུགས་པའི་རེ་བ་ཡོདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment