གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཡུན་རིངམོ་འགོར་མི་ སོ་ནམ་ཞིང་ལམ་ལུ་ལྟ་སྟེ་ མི་སེར་ཚུ་ དབུགས་འགམ་སྟེ་ཡོདཔ།


༉ རྩི་རང་ རང་ཐང་གླིང་རྒེད་འོག་ ཉི་མ་ཟུར་སྤྱི་འོག་གི་ སོ་ནམ་ཞིང་ལམ་དེ་ སྤྱི་ལོ་༢༠༡༡ གི་ ཟླཝ་དང་པའི་ནང་ མཇུག་བསྡུ་དགོ་མི་དེ་ ཟླཝ་༡༤ ཕར་འཕུད་རྐྱབ་སྟེ་འབད་རུང་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ས་གནས་ཀྱི་མི་སེར་ཚུ་ དབུགས་འགམ་སྟེ་ ཡོདཔ་ཨིན་པས།
ཀི་ལོ་མི་ཊར་༧ འབད་མི་ དར་རྒྱས་ཉི་མ་ཟུར་གྱི་ སོ་ནམ་ཞིང་ལམ་གྱི་ ཁག་འབག་ལཱ་དེ་ སྤྱི་ལོ་༢༠༡༠ གྱི་ ཟླཝ་༣ པའི་ནང་ ལམ་གནས་ཁ་བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ཡོདཔ་ད་ སྤྱི་ལོ་༢༠༡༡ གི་ ཟླཝ་དང་པའི་ནང་འབདཝ་ད་ ཟླཝ་༡༠ གྱི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་ཟེར་ རྩི་རང་རྫོང་ཁག་གི་ བཟོ་རིག་འགོ་དཔོན་ འཇིགས་མེད་ལེབ་ཅ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ དངུལ་སྤྲོད་ནི་དེ་ ཕྱིས་སོཔ་ལས་བརྟེན་ རྫོང་ཁག་གིས་ ལཱ་རྩིས་སྤྲོད་ནི་དེ་ ཉིན་གྲངས་༨༦ ཕར་འཕུད་རྐྱབ་ཡོདཔ་ལས་ སྤྱི་ལོ་༢༠༡༡ ཟླ་༤ པའི་ཚེས་༦ ལུ་ སྤྲོད་དགོཔ་སྦེ་བཞག་ཅི་ཟེར་ཨིན་པས། 
ད་རུང་ དེ་གི་ཤུལ་ལས་ དངུལ་ཀྲམ་ས་ཡ་༡.༨ ཀྱི་ ཁ་སྐོང་ལཱ་སྤྲོད་ཡོདཔ་བཞིན་དུ་ ལཱ་རྩིས་སྤྲོད་འབད་ནི་དེ་ ཉིན་གྲངས་༥༡ ལུ་ཕར་འཕུད་རྐྱབ་ཅི་ཟེར་ཨིན་པས།
དུས་ཡུན་ཕར་འཕུད་རྐྱབ་མི་དེ་ རྫོགས་སོ་རུང་ ཁག་འབགཔ་གིས་ ལཱ་རྩིས་སྤྲོད་མ་ཚུགསཔ་ལས་ ད་རུང་ རྫོང་ཁག་གིས་ ཁོ་ལུ་ ལཱ་འབད་ནིའི་དུས་ཚོད་ ཟླཝ་༤ སྤྲོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༡ ཟླ་༥ པའི་ཚེས་༢༧ ལས་ སྤྱི་ཟླ་༩ པའི་ཚེས་༣ ཚུན་ཨིན་པས།
ཨིན་རུང་ དུས་ཚོད་ཕར་འཕུད་རྐྱབ་མི་ དེ་ནང་ཡང་ ཁག་འབགཔ་དེ་གིས་ ལཱ་མཇུག་བསྡུ་མ་ཚུགས་ཟེར་ འཇིགས་མེད་ལེབ་ཅ་གིས་ བཤདཔ་ཨིན་པས། 
ཆུ་གཡུར་བཟོ་སྐྲུན་འབད་ནི་དང་ ལམ་གྱི་མཐའམ་བསྒྲིག་ནིའི་ ལཱ་ཚུ་ཡང་ མཇུག་མ་བསྡུ་བར་ ལུས་ཡོདཔ་ཨིན་པས།
ཉི་མ་ཟུར་སྤྱི་འོག་ལས་ གཡུས་ཚན་༤ ནང་གི་ མི་སེར་སྡེ་ཚན་ཅིག་གིས་ ཉི་མ་ཟུར་གྱི་ སོ་ནམ་ཞིང་ལམ་གྱི་ བཟོ་སྐྲུན་ལཱ་ཚུ་ མཇུག་མ་བསྡུ་བར་བཞག་མི་དེ་ དོན་ཅན་འབད་ར་ བཞག་བཞགཔ་ཨིན་ཟེར་ ཉེས་འཛུགས་འབད་ཡོདཔ་ཨིན་པས། 
དེ་སྦེ་ བཞག་དགོ་མི་དེ་ཡང་ ལམ་གནས་ཁ་བཟོ་སྐྲུན་གྱིས་ རྒྱ་གར་གྱི་ཁག་འབགཔ་ ཤ་མ་གློག་མེ་ཚད་འཛིན་གྱིས་ དར་དཀར་དཔལ་ལ་དང་ རྩི་རང་ འཇིགས་མེད་གླིང་ དེ་ལས་ ལོ་ད་ར་ཡི་ལུ་ ཀཝ་བཟོ་སྐྲུན་འབདཝ་ད་ ཞིང་ལམ་ལག་ལེན་འཐབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
གཡུས་མི་ཚུ་གིས་ བསྡུ་སྒྲིག་འབད་མི་ སྒྲུབ་བྱེད་ཀྱི་ ཡིག་ཆ་དང་འཁྲིལཝ་ད་ ཤ་མ་གློག་མེ་བཟོ་སྐྲུན་ཚད་འཛིན་གྱིས་ ལམ་གནས་ཁ་བཟོ་སྐྲུན་ལུ་ རྡོ་དང་ བྱེམ་ དེ་ལས་ རྩི་ས་ཚུ་བསྐྱལཝ་ད་ སོ་ནམ་ཞིང་ལམ་ ལག་ལེན་འཐབ་ནིའི་དོན་ལུ་ དངུལ་ཀྲམ་༦༠༠,༠༠༠ སྤྲོད་ཚར་ནུག་ཟེར་ཨིན་པས།
ཨིན་རུང་ ཁག་འབགཔ་ མཛེ་ཀོ་འབྲུག་པ་གིས་ གཡུས་མི་སྡེ་ཚན་ཅིག་གིས་ ཉེས་འཛུགས་འབད་མི་དེ་ལུ་ ཁས་ལེན་མ་བཏུབ་མི་དེ་ཡང་ ཁོ་གིས་འབད་བ་ཅིན་ ཤ་མ་བཟོ་སྐྲུན་དང་ འབྲེལ་བ་མེདཔ་མ་ཚད་ ལཱ་ག་ཅི་གི་དོན་ལུ་ཡང་ ཏི་རུ་ལེན་ལེནམ་མེད་ཟེར་ཨིནམ་ད་ དུས་ཚོད་ཁར་ ལཱ་མཇུག་བསྡུ་མ་ཚུགས་མི་དེ་ཡང་ གནམ་འབྱ་ཆརཔ་རྐྱབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
སོ་ནམ་ཞིང་ལམ་ ལག་ལེན་འཐབ་མི་ ནཱར་ བྷ་དུར་གྱིས་ ཀུན་གསལ་ལུ་སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ རྒེད་འོག་བརྒྱུད་དེ་ རྫོང་ཁག་དབང་འཛིན་ལུ་ ཞུ་བ་འབད་རུང་ ངོས་ལེན་ཅིག་ མིན་འདུག་ཟེར་ཨིན་པས།
ཉི་མ་ཟུར་གྱི་གཡུས་མི་ བསོད་ནམས་ཏ་མང་གིས་ བཤད་མི་དང་འཁྲིལཝ་ད་ ན་ཧིང་ ཚལ་ལུ་བཙོང་བའི་སྐབས་ལུ་ ཁག་འབགཔ་དེ་གིས་ འཕྲལ་འཕྲལ་སྦེ་ར་ སོ་ནམ་ཞིང་ལམ་ བཀག་བཞག་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་ལུ་ གྱོང་རྒུད་སྦོམ་ཕོག་ཅི་ཟེར་ཨིན་པས།
དེ་མ་ཚད་ ཁག་འབགཔ་གིས་ རྡོ་རུ་ཚུ་ ཤ་མ་གློག་མེ་ཚད་འཛིན་ལུ་ བཙོང་ཡི་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ རྒེད་འོག་ནང་ སྤུས་ཚད་དང་ལྡན་པའི་ སོ་ནམ་ཞིང་ལམ་བཟོ་སྐྲུན་འབད་ནིའི་དོན་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ གནང་མི་དེ་ལུ་ དཀའ་དྲིན་དགའ་ཚོར་ཡོད་རུང་ ཁག་འབགཔ་ལེགས་ཤོམ་ཅིག་ མ་ཐོབ་མི་ལུ་བརྟེན་ ལེགས་ཤོམ་འགྱོ་མ་བཏུབ་ཟེར་ ནཱར་ བྷ་དུར་གྱིས་ བཤདཔ་ཨིན་པས།
འཇིགས་མེད་ལེབ་ཅ་གིས་ སླབ་མིའི་ནང་ ད་ལྟོ་ ལཱ་དེ་ རྫོང་ཁག་ལུ་ རྩིས་མ་སྤྲོད་པར་ཡོདཔ་ལས་ འབད་ཐབས་ག་ཅི་ཡང་ མིན་འདུག་ཟེར་ཨིནམ་ད་ ལཱ་འགོ་བཙུགས་པའི་དུས་ཚོད་ལས་ མཇུག་མ་བསྡུ་ཚུན་ ལཱ་ག་དེ་སྦེ་ འབད་ནི་ཨིན་ན་ ཁོང་རང་ལུ་ དབང་ཚད་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁག་འབགཔ་དང་གཅིག་ཁར་ མཇུག་ར་ སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ ཕྱད་ཡོདཔ་བཞིན་དུ་ དེ་བསྒང་ ཁོ་གི་ ཉིན་གྲངས་༤༠ གི་ནང་འཁོད་ལུ་ ལཱ་མཇུག་བསྡུ་ཚུགསཔ་སྦེ་ སླབ་ཡོདཔ་མ་ཚད་ ག་དེམ་ཅིག་སྦེ་ དེ་ལུ་ མཇུག་བསྡུ་མ་ཚུགས་པ་ཅིན་ ཁྲིམས་ལུགས་དང་འཁྲིལ་ཏེ་ ཉེས་བྱ་ཚུ་ཡང་ སྤྲོད་ནི་ཟེར་ སླབ་ཅི་ཟེར་ཨིན་པས།
རྩི་རང་རྫོང་ཁག་ནང་ ཁག་འབགཔ་དེ་ ལཱ་ག་ཅི་ནང་ཡང་ བཅའ་མར་གཏོགས་མ་བཅུག་པར་ བཞག་ནི་མ་གཏོགས་ དགོངས་གྲོལ་འབད་ནི་གི་ དབང་ཚད་མེད་ཟེར་ཨིན་པས།
ཨིན་རུང་ ལམ་གནས་བཟོ་སྐྲུན་དེ་ ད་ལས་ཕར་ ཁག་འབག་གི་ལཱ་ཚུ་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ བཟོ་ཡི་ཟེར་ བཟོ་རིག་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment