གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་ལུ་ ས་སྣུམ་ཌི་ཟིལ་རྫོགས་ཡོདཔ།



ས་སྣུམ་ཌི་ཟིལ་ རྫོགས་སོ་མི་ རྩི་རང་ས་སྣུམ་བཀྲམ་སྤེལ་ཁང་།
༉ ད་རེས་ནངས་པར་ སྣུམ་འཁོར་གྱི་མར་ཁུ་ པེ་ཊཱོལ་དང་ ཌི་ཟིལ་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་མ་ཚུགས་པའི་དཀའ་ལུ་བརྟེན་ སྣུམ་འཁོར་བཏང་མི་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
 དེ་ཡང་ རྩི་རང་ལུ་ གླ་འཁོར་བཏང་མི་ སྐྱེས་ལོ་༣༤ ལང་མི་ ཀརྨ་གིས་ སླབ་མིའི་ནང་ གླ་འཁོར་བཏང་སྟེ་ བཟའ་ཚང་ནང་མི་༤ འཚོ་སྐྱོང་འཐབ་དགོཔ་ཡོདཔ་ལས་ མར་ཁུ་
དཀོན་པའི་ གནས་སྟངས་ལུ་ལྟ་སྟེ་ ཚ་གྱང་ཐེབས་ཅིག་ར་ ལངམ་མས་ཟེར་ཨིན་པས།
རྩི་རང་ལུ་ མར་ཁུ་ཌི་ཟིལ་ རྩ་བརྟན་ལས་ མེད་པ་ལུ་བརྟེན་ ཌི་ཟིལ་གྱི་ གླ་འཁོར་དང་ ཊཱག་ དེ་ལས་ ཁག་འབགཔ་ཚུ་གི་ ས་རྐོ་འཕྲུལ་ཆས་ཚུ་ ལཱ་མེད་པར་ ལུས་དོ་ཡོདཔ་ཨིན་པས།
རྩི་རང་གི་ ས་སྣུམ་བཀྲམ་སྤེལ་ཁང་ནང་ ཉིནམ་༣ གྱི་ ཧེ་མ་ལས་ར་ ཌི་ཟིལ་མར་ཁུ་ རྫོགས་ཡོདཔ་ཨིན་པས།
ས་སྣུམ་བཀྲམ་སྤེལ་ཁང་གི་ འགན་འཛིན་པ་ གནས་བརྟན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རེས་གཟའ་ཕུརཔ་ཚུན་ཚོད་ སྣུམ་འཁོར་འོང་མི་ཚུ་ལུ་ ཌི་ཟིལ་ལི་ཊཪ་༥ དང་༡༠ དེ་ཅིག་ བྱིན་ཡོད་རུང་ སྤྱི་ཟླ་༣ པའི་ཚེས་༨ ཀྱི་ དྲོ་པའི་ཆུ་ཚད་་༨ ལས་ མར་ཁུའི་མཛོད་ནང་ ཐ་ན་ ལི་ཊར་༡ ཡང་མེད་པར་ རྫོགས་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་སྣུམ་བཀྲམ་སྤེལ་ཁང་ནང་ ཌི་ཟིལ་མར་ཁུ་མེདཔ་ཨིནམ་ ཧ་གོ་ནིའི་དོན་ལུ་ གསལ་བསྒྲགས་ཅིག་ཡང་ སྦྱར་བཞག་ཡི་ཟེར་ཨིན་པས།
གནས་བརྟན་གྱིས་འབད་བ་ཅིན་ ས་སྣུམ་བཀྲམ་སྤེལ་ཁང་ནང་ ཌི་ཟིལ་ལངམ་སྦེ་ མེད་མི་དེ་ཡང་ འབྲུག་གི་དངུལ་ཁང་གིས་ ཌི་མཱན་ཌཕ་ བྱིན་མ་བཏུབ་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ ཌི་མཱན་ཌཕ་མེད་པའི་བསྒང་ལས་ ཁོང་ལུ་ འབད་ཐབས་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ འབྲུག་གི་དངུལ་ཁང་གིས་ ཌི་མཱན་ཌཕ་མ་བྱིན་པ་ཅིན་ ད་ལྟོ་ ས་སྣུམ་གྱི་ མཛོད་ཁང་ནང་ཡོད་མི་ པེ་ཊཱོལ་ལི་ཊར་༨,༠༠༠ ཡོད་མི་དེ་ཡང་ རྫོགས་ནི་མས་ཟེར་ཨིན་པས།
གནས་བརྟན་གྱིས་འབད་བ་ཅིན་ འབྲུག་གི་དངུལ་ཁང་ནང་ ཌི་མཱན་ཌཕ་གི་དོན་ལུ་ ཚར་ལེ་ཤ་ཅིག་ར་ དྲི་བ་བཀོད་དེ་འབད་རུང་ འབྲུག་གི་དངུལ་ཁང་གི་ ཡིག་ཚང་ལྟེ་བ་ ཕུན་ཚོགས་གླིང་དང་གཅིག་ཁར་ བསྟུན་གྲོས་འབད་དོ་ཟེར་ སླབ་མས་ཟེར་ཨིན་པས།
རྩི་རང་འགྲམ་ཕུག་གི་ ས་སྣུམ་བཀྲམ་སྤེལ་ཁང་གི་ ཐོ་བཀོད་དང་འཁྲིལཝ་ད་ ས་སྣུམ་པེ་ཊཱོལ་དང་ཕྱདཔ་ད་ ཌི་ཟིལ་དེ་ མངམ་སྦེ་བཙོང་དོ་ཡོདཔ་ད་ དེ་ཡང་ ཉིནམ་རེ་ནང་ ཌི་ཟིལ་ལི་ཊར་༤,༠༠༠ ལས་༧,༠༠༠ གི་བར་ན་ བཙོང་དོ་ཡོདཔ་ད་ པེ་ཊཱོལ་འབད་བ་ཅིན་ ཉིནམ་རེ་ནང་ དངུལ་ཀྲམ་༡,༥༠༠ ལས་༢,༠༠༠ གི་བར་ན་ བཙོང་དོ་ཡོདཔ་ཨིན་པས།
འགྲམ་ཕུག་གི་ ས་སྣུམ་བཀྲམ་སྤེལ་ཁང་གིས་ རྩི་རང་གི་ སྣུམ་འཁོར་དང་ དར་དཀར་ནང་ དེ་ལས་ དགེ་ལེགས་ཕུག་ལས་ ཐིམ་ཕུ་ལུ་འགྱོ་མི་ སྣུམ་འཁོར་དང་ དགེ་ལེགས་ཕུག་ལས་ དར་དཀར་ནང་ལུ་འགྱོ་མི་ སྣུམ་འཁོར་ཚུ་ལུ་ མར་ཁུ་བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།



No comments:

Post a Comment