གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབུ་ཐོད་དང་ ཚེམས་༦ མེ་མཆོད་མ་བཞེས་པར་ཡོདཔ།

སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་མཆོག་གི་ སྐུ་ཕུང་དང་ སྐུ་ཕུང་མེ་མཆོད་འཕུལ་བའི་སྣང་རྙན།
བསྟན་འཛིན་རྣམ་རྒྱལ།

༉ ཞིང་གཤེགས་དམ་པ་ སྐྱབས་རྗེ་གདུང་སྲས་ འཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་གི་སྐུ་གདུང་ མེ་མཆོད་ཕུལ་ཏེ་ ཁ་ཙ་ རང་ཟླ་དང་པའི་ཚེས་༡༥ ལུ་ ཉིན་གྲངས་༥ ལངམ་དང་འབྲེལ་ སྤུར་སྦྱང་མཆོད་རྟེན་གྱི་ བུམ་པ་ནང་ལས་ སྤུར་ཐལ་དང་ སྐུ་རུས་ཚུ་ བསྡུ་བསྒྱོམ་འབད་བའི་སྐབས་ལུ་ དབུ་ཐོད་དང་ ཚེམས་༦ མེ་མཆོད་མ་བཞེས་པར་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཡོདཔ་ཨིན་པས།

སྐུ་རུས་དང་ སྤུར་ཐལ་ཚུ་ བསྡུ་བསྒྱོམ་འབད་སར་ འབྲེལ་གཏོགས་གནང་མི་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ གསུངས་མིའི་ནང་ རིན་པོ་ཆེ་མཆོག་གི་ དབུ་ཐོད་དང་ ཚེམས་༦ མེ་མཆོད་མ་བཞེས་པར་ མཇལ་ཚུགས་མི་དེ་ ཡ་མཚན་ཆེ་བའི་ཁར་ འཛམ་གླིང་གི་ ནང་རྟེན་ཁྱད་པར་ཅན་ཅིག་ ཨིན་མས་ཟེར་ཨིན་པས།
བློན་པོ་གིས་ རིན་པོ་ཆེ་མཆོག་ ཨེ་མི་རི་ཀ་ལུ་ དགོངས་པ་རྫོགས་རུང་ འབྲུག་ལུ་ སྐུ་གདུང་ཞུ་སྟེ་ སྤུར་སྦྱང་ཕུལ་ཚུགས་མི་ལུ་ལྟཝ་ད་ འབྲུག་མི་ཚུ་ སྐལ་བ་བཟང་ཡི་ཟེར་ཨིན་པས།

སྤ་རོ་ རྒྱལ་ཡོངས་མགྲེམ་སྟོན་ཁང་གི་མདོ་ཆེན་ མཁན་པོ་ཕུན་ཚོགས་བཀྲིས་ཀྱིས་ བཤད་མིའི་ནང་ དབུ་ཐོད་དང་ ཚེམས་ལུས་མི་དེ་ སྐུ་གདུང་གི་ རིལ་བསྲེལ་ཨིན་ཟེར་ཨིནམ་ད་ དེ་ཡང་ རིན་པོ་ཆེའི་དགོངས་པ་དེ་ རྒྱལ་བ་རིགས་༥ དང་མཉམ་པའི་ རྟགས་མཚན་ཨིན་པའི་ཁར་ ཆོས་ཀྱི་དབྱིངས་སུ་ཐིམ་པའི་ རྟགས་མཚན་ཡང་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རིང་བསྲེལ་ལྷམ་པ་༥ ཡོད་མིའི་གྲས་ལས་ དབུ་ཐོད་དང་ སྐུ་རུས་དེ་ སྐུ་གདུང་གི་རིང་བསྲེལ་ཨིནམ་ད་ གཞན་༤ པོ་དེ་ སྐུ་པལ་གྱི་རིང་བསྲེལ་དང་ ཆོས་སྐུའི་རིང་བསྲེལ་ གཡུང་འབྲུའི་རིང་བསྲེལ་ དེ་ལས་ ཟུངས་༥ འི་ རིང་བསྲེལ་ཚུ་ཨིན་ཟེར་ཨིན་པས།

སྤུར་ཐལ་དང་ སྐུ་རུས་ཚུ་ བསྡུ་བསྒྱོམ་འབད་མིའི་གྲས་ལས་ བར་མཚམས་ཕྱག་རྡོར་ལྷ་ཁང་གི་ རྡོ་རྗེ་སློབ་དཔོན་ བསོད་ནམས་ཀྱིས་འབད་བ་ཅིན་ མྱང་འདས་མཆོད་རྟེན་གྱི་བུམ་པ་དེ་ སྐུ་གདུང་མེ་མཆོད་མ་ཕུལ་བའི་སྐབས་ དྲི་བཟང་ཆུ་ནང་སྦངས་ཞིནམ་ལས་ བཅུད་སེརཔོ་ཐོན་མི་དེ་གིས་ ཚོན་བཏང་མི་དེ་ མེ་མཆོད་ཕུལ་བའི་ཤུལ་ལས་ བུམ་པ་དེ་ ཀ་ར་བཏང་བཏངམ་བཟུམ་སྦེ་ ཁ་དོག་དཀརཔོ་ལུ་ བསྒྱུར་ཡོད་པའི་ཁར་ བུམ་པའི་ནང་ན་ མེ་མཆོད་ཕུལ་བའི་ཤུལ་ ཨ་ཙི་ཅིག་ཡང་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤུར་ཐལ་དང་ སྐུ་རུས་བསྡུ་བསྒྱོམ་འབད་དེ་ གཟུངས་སྒྲུབ་གནང་བའི་ཤུལ་ལས་ ལོག་མཆོད་རྟེན་གྱི་ དཀྱིལ་འཁོར་ནང་ བཙུག་ནི་ཟེར་ཨིནམ་ད་ དེ་བསྒང་ལས་ མྱང་འདས་མཆོད་རྟེན་མེན་པར་ བྱང་ཆུབ་མཆོད་རྟེན་ཟེར་ ཞུ་ནི་ཟེར་ཨིན་པས། 

མྱང་འདས་མཆོད་རྟེན་དེ་ ཉི་ཟླ་ལས་ བུམ་པ་ཚུན་ བཤུབ་གཏང་ཞིནམ་ལས་ གཟུངས་བཙུག་སྟེ་ ལོག་ཚད་མེད་༤ ཟེར་ བུམ་པ་ལས་ འགོ་བཙུགས་ཏེ་ བཞེངས་མི་དེ་ལུ་ བྱང་ཆུབ་མཆོད་རྟེན་ཟེར་ ཞུཝ་ཨིན་པས། 

སྤུར་ཐལ་ལ་ལུ་ སཱཙྪ་བཞེངས་ཏེ་ ལྷ་ཁང་དང་ དགོན་སྡེ་ཚུ་ནང་ ཕུལ་ནི་ཨིན་པས།

ཁ་ཙ་ སྐྱབས་རྗེ་བདུད་འཇོམས་ འཇིགས་བྲལ་རྡོ་རྗེ་རིན་པོ་ཆེའི་ཡང་སྲིད་ སངས་རྒྱས་པདྨ་རིན་པོ་ཆེ་གིས་ རུས་མཆོད་གནང་ཡོདཔ་ད་ རིན་པོ་ཆེ་མཆོག་ ད་རིས་ ལོག་ནེ་པཱལ་ལུ་ འབྱོན་ནི་ཡིན་པས།

ལས་འཛིན་ཅིག་ནང་ལཱ་འབད་མི་ བསམ་གཏན་གྱིས་ སླབ་མིའི་ནང་ དབུ་ཐོད་དང་ ཚེམས་ལུས་མི་ཚུ་ མི་མང་ལུ་ མཇལ་ཁ་གནང་ནིའི་དོན་ལས་ གཞུང་གིས་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ཨིན་པས།

དེ་ཡང་ མཚན་ཉིད་ལྡན་པའི་བླམ་ཚུ་གི་ རྟགས་མཚན་ངོ་མ་ཅིག་ཨིནམ་ལས་ མི་མང་ལུ་ མཇལ་ཁ་གནང་པ་ཅིན་ ལྷག་པར་དུ་ དད་མོས་དང་ཡིད་ཆས་ བསྐྱེད་ཚུགས་ནི་ཨིནམ་ད་ དེ་མིན་པ་ཅིན་ ད་རེས་ནངས་པའི་ མི་ཚུ་གིས་ གཏམ་རྒྱུད་བཟུམ་ཅིག་གི་ མནོ་བསམ་བཏང་ནི་མས་ཟེར་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ དྲགོས་བཀྲིས་ཕུན་ཚོགས་ཀྱིས་ སྤུར་ཐལ་དང་ སྐུ་རུས་ཚུ་ བསྡུ་བསྒྱོམ་འབད་བའི་སྐབས་ལུ་ དད་ཅན་སྐྱ་སེར་ སྟོང་ལས་བཅད་དེ་ འཛོམས་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment