གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡེན་ས་ཡ་༢༠༠ གནས་པའི་ སོ་ནམ་འཕྲུལ་ཆས་ཚུ་ གྲོགས་རམ་འཐོབ་ཚུགས་ནི།


འབྲུག་དང་ ཇ་པཱན་གྱི་ སོ་ནམ་འཕྲུལ་ཆས་འགོ་དཔོན་ཚུ་ གྲོས་བསྟུན་ཞལ་འཛོམས་ འཚོགས་པའི་བསྒང་།
ཤེས་རབ་བསྟན་འཛིན།
༉ སང་ཕོད་ སྤྱི་ཟླ་༣ པ་དེ་ཅིག་ཁར་ སོ་ནམ་ལྷན་ཁག་འོག་གི་ སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ ཡེན་ས་ཡ་༢༠༠ གནས་པའི་ སོ་ནམ་གྱི་ འཕྲུལ་ཆས་མ་འདྲཝ་༢༣༠ དེ་ཅིག་ གྲོགས་རམ་འཐོབ་ཚུགས་ནི་ཨིན་པས། 
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༧ ལུ་ སོ་ནམ་འཕྲུལ་ཆས་ལྟེ་བ་དང་ ཇ་པཱན་གྱི་ ལས་འགུལ་མིན་པའི་གྲོགས་རམ་མ་དངུལ་གྱི་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ གསལ་བཀོད་འབད་ཡོདཔ་ཨིན་པས།
སོ་ནམ་འཕྲུལ་ཆས་ལྟེ་བའི་ མདོ་ཆེན་བཙན་སྐྱོགས་ནོར་བུ་གིས་ གསལ་བཤད་འབད་མིའི་ནང་ དེ་བཟུམ་མའི་ སོ་ནམ་འཕྲུལ་ཆས་ཀྱི་ གྲོགས་རམ་དེ་ འགོ་དང་པ་ སྤྱི་ལོ་༢༠༠༨ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་འབདཝ་ད་ ཐེངས་༢ པ་ཨིན་ཟེར་ཨིནམ་ད་ གྲོགས་རམ་ཞུ་དགོ་པའི་ གནད་དོན་ངོ་མ་ར་ འབྲུག་མི་བརྒྱ་ཆ་༦༩ དེ་ཅིག་ སོ་ནམ་གྱི་ལཱ་ལུ་ བརྟེན་སྡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉིནམ་གཅིག་ནང་ མི་༢༠ གིས་ ལཱ་འབད་མི་དེ་དང་ འཕྲུལ་ཆས་༡ གིས་ ལཱ་འབད་མི་དེ་ འདྲ་མཉམ་ཨིན་པ་གིས་མ་ཚད་ གླ་འཐུས་ཀྱི་ཐད་ལས་འབད་རུང་ མི་༡ ལུ  གླ་ཆ་དངུལ་༤, ༠༠༠ དེ་ཅིག་གནས་པ་ཅིན་ འཕྲུལ་ཆས་ལུ་ དངུལ་ཀྲམ་༡, ༥༠༠ ལས་བརྒལ་ མི་གནས་དོ་ཡོདཔ་ཨིན་པས།
དེ་མ་ཚད་ མ་དངུལ་གྱི་ཐད་ལས་འབད་རུང་ དུས་ཚོད་དཔྱད་རུང་ ཇ་པཱན་གྱི་ ལས་འགུལ་མིན་པའི་གྲོགས་རམ་མ་དངུལ་ཐོག་གི་ འཕྲུལ་ཆས་ཚུ་གིས་ ཕན་ཐོགས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ མདོ་ཆེན་བཙན་སྐྱོགས་ནོར་བུ་གིས་ སླབ་ཨིན་པས།
འབྲུག་གི་ལས་དོན་དང་ སོ་ནམ་དྲུང་ཆེན་ སུ་རུ་ཀི་ མ་ནཱ་བུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ གྲོགས་རམ་འབད་དགོ་པའི་ དམིགས་དོན་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་༢ ཀྱི་བར་ན་ སྔར་ལས་ལྷག་པའི་ མཐུན་ལམ་དམ་ཟབ་བཟོ་ནི་དང་ འབྲུག་གི་ སོ་ནམ་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སོ་ནམ་འཕྲུལ་ཆས་ལྟེ་བའི་ ལས་རིམ་མདོ་ཆེན་ངོ་ཚབ་ ཀརྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ སོ་ནམ་འཕྲུལ་ཆས་ཚུ་ གསར་སྤང་དང་ བསམ་རྩེ་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ གོང་ཚད་བརྒྱ་ཆ་༥༠ མར་ཕབ་རྐྱབ་ཐོག་ལས་ བཙོང་ཡོདཔ་ཨིན་པས།
དེ་ལས་ཐོབ་མི་ ཏི་རུ་ཚུ་ མི་སྡེ་གོང་འཕེལ་གྱི་ མ་དངུལ་ནང་ གཏང་དོ་ཡོདཔ་ད་ ཧེ་མའི་ གྲོགས་རམ་ལས་རིམ་ཚུ་ མཐར་འཁྱོལ་ཅན་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དེ་བཟུམ་མའི་ སོ་ནམ་འཕྲུལ་ཆས་ཚུ་ རྒྱ་ཆེ་དྲགས་སྦེ་ གྲོགས་རམ་ཐོབ་ནི་དེ་གིས་ ཧེ་མ་བཟུམ་སྦེ་ ལགཔ་གིས་ འབད་མ་དགོཔ་ལས་ འབྲུག་པའི་ན་གཞོན་ཚུ་ལུ་ གོ་སྐབས་ལེགས་ཤོམ་ཡོདཔ་མ་ཚད་ གྲོང་གསེབ་ཀྱི་མི་སེར་ཚུ་ ཁྲོམ་ཁར་གནས་སྤོ་འོང་ནི་ལས་ བཀག་ཚུགས་ཟེར་ཨིན་པས།
སང་ཕོད་ཀྱི་ ལས་འགུལ་མིན་པའི་གྲོགས་རམ་མ་དངུལ་ ཐེངས་༢ པ་དེ་ཡང་ ལེགས་ཤོམ་འབད་ར་ མཐར་འཁྱོལ་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


No comments:

Post a Comment